རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོའི་མཇུག་བསྡོམས།

ཕྱི་ཟླ་༡ ཚེས་༢ ནས་ཟླ་གཅིག་རིང་འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཀྱི་སེ་ར་ཐེག་ཆེན་གླིང་དུ་འཚོགས་ནས། ཕྱི་ཟླ་༡ པོའི་ཚེས་༣༡ ཉིན་མཇུག་བསྡོམས་མཛད་སྒོ་སེ་ར་བླ་སྤྱིའི་འདུ་ཁང་ནང་འཚོགས་ཡོད་པ་རེད།

ཕྱི་ཟླ་༡ ཚེས་༢ ནས་ཟླ་གཅིག་རིང་འདི་ལོའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཀྱི་སེ་ར་ཐེག་ཆེན་གླིང་དུ་འཚོགས་ནས། ཕྱི་ཟླ་༡ པོའི་ཚེས་༣༡ ཉིན་མཇུག་བསྡོམས་མཛད་སྒོ་སེ་ར་བླ་སྤྱིའི་འདུ་ཁང་ནང་འཚོགས་ཡོད་པ་རེད།

jangun choe 2015ཚོགས་ཐོག་ཏུ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་བླ་སྤྲུལ་དགེ་བཤེས་རྣམ་པ། འཇང་དགུན་ཆོས་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་ཡོངས་དང་། དེ་བཞིན་འདི་ལོར་འཇང་དགུན་ཆོས་ལ་ཕེབས་མཁན་རི་བོ་དགེ་ལྡན་པའི་གདན་ས་ཆེན་མོ་གསུམ། གཞན་ཡང་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་མཁན་རྭ་སྟོད་གྲྭ་ཚང་། བཀྲིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང་། གསང་ཆེན་རྒྱུད་སྟོད་གྲྭ་ཚང་། རྫོང་དཀར་ཆོས་སྡེ། བསེ་བརྒྱུད་གྲྭ་ཚང་།   དྭགས་པོ་གྲྭ་ཚང་བཅས་ནས་དགེ་འདུན་པ་༩༠༠༠ ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་རེད།

དེར་དགེ་འདུན་པ་ཚོས་སློབ་དཔོན་ཕྱོགས་ཀྱི་གླིང་པོས་མཛད་པའི་ཚད་མ་ཀུན་བཏུས་དང་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སྐོར་ལ་ཐོས་བསམ་དང་བགྲོ་གླེང་ལྷོད་མེད་གནང་ཡོད་པ་དང་།     དགེ་འདུན་པ་དེ་དག་ཡང་གྲྭ་ཚང་བཅུ་བཞིའི་ནང་ནས་ཚད་མའི་སྐོར་ལ་སློབ་གཉེར་བྱ་མཁན་གཙོ་བོ་བྱས་ནས་ཕེབས་ཡོད་པ་རེད།

དགེ་ལྡན་འཇང་དགུན་ཆོས་ཐོག་ནང་མཚན་ཕུད་དམ་བཅའ་ཆེན་མོ་གཉིས་ཡོད་པ་དང་།   ཟླ་དང་པོའི་ཚེས་༡༦ ཉིན་གྱི་མཚན་ཕུད་དམ་བཅའ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཚོགས་པ་དང་།   ཚེས་༡༣ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་མཚན་ཕུད་དམ་བཅའ་ཐེངས་གཉིས་པ་དེ་ཚོགས་ཡོད་པ་རེད། སྐབས་དེ་དུས་གསང་སྔགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་རྣམ་གྲོལ་གླིང་ནས་ཀྱང་དགེ་འདུན་པ་རྣམས་མཉམ་ཞུགས་གནང་ཡོད་པ་དང་།   དེ་བཞིན་ཉེ་འཁོར་གྱི་དཔལ་ས་སྐྱ་པ་དང་བཀའ་བརྒྱུད་པ་བཅས་ཀྱི་དགེ་འདུན་པ་དང་། དད་ལྡན་མི་མང་ཡང་ཧ་ཅང་འདུ་འཛོམ་ཆེན་པོ་བྱུང་ཡོད་འདུག

ཕྱི་ཚེས་༣༡ ཉིན་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཐོག་ཆེན་མོ་མཇུག་ཡོངས་སུ་ལེགས་པར་གྲུབ་པའི་མཛད་སྒོ་སེ་ར་བླ་སྤྱིའི་འདུ་ཁང་ནང་འཚོགས་སྐབས། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ནས་རིམ་པས་བླང་དོར་གྱི་བཀའ་སློབ་གནང་སྐབས། འཇང་དགུན་ཆོས་ཡར་རྒྱས་ཚགས་ཚུད་དུ་གཏོང་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། མ་འོངས་པར་མུ་མཐུད་ནས་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས། ལྷག་དོན་དུ་༧རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་ཇི་ལྟ་བ་བཞིན་བསྒྲུབ་དགོས་ཚུལ་སོགས་བཀའ་སློབ་ལམ་སྟོན་གནང་།   ཁྲིམ་བདག་དགེ་སྐོས་རྣམ་པ་གཉིས་ཀྱིས་རིམ་པས་བླང་དོར་གྱི་བཀའ་སློབ་དང་ཐེངས་འདིའི་འཇང་དགུན་ཆོས་སྐབས་དགེ་འདུན་པ་བྱང་གི་ཁྲིམས་སྒྲིག་སོགས་གང་ཐད་ནས་ཧ་ཅང་ལེགས་པ་བྱུང་ཡོད་སྐོར་སོགས་གསུངས་འདུག

ཐེངས་འདིའི་དགེ་ལྡན་འཇང་དགུན་ཆོས་ཐོག་ཆེན་མོ་དབུ་བརྙེས་པ་ནས་བཟུང་ད་ལོ་བཞིན་གྲྭ་ཚོགས་དང་རྩོད་པའི་འཕེལ་རིམ་སོགས་ཕྱོགས་ཡོངས་ནས་ལོ་རྒྱུས་ནང་ལ་བྱུང་མ་མྱོང་བ་ལྟ་བུ་བྱུང་སོང་ཞེས་ཚང་མས་མགྲིན་དབྱངས་གཅིག་གྱུར་ངང་ནས་གསུངས་བཞིན་འདུག་ཅེས་འབྲས་སྤུངས་སྒོ་མང་ཆོས་ཐོག་རྒན་པ་གུང་རུ་བྱམས་པ་ཆོས་ལྡན་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་སོང་།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།