བོད་མི་༢༢༣ ལ་སྦེལ་རྗམ་གཞུང་གིས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་ཆོད།

ཟླ་འདིའི་ཚེས་༢༥ ཉིན་སྦེལ་རྗམ་དུ་སྐྱབས་བཅོལ་ཡིག་ཆ་རག་མིན་གྱི་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་འཐུས་མིའི་རྒྱུན་ལས་ཀྱིས་ས་གནས་ཀྱི་སྐྱབས་བཅོལ་བོད་མིའི་གནས་བབ་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་སྦེལ་རྗམ་དུ་སྐྱབས་བཅོལ་ཡིག་ཆ་རག་མིན་གྱི་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་འཐུས་མིའི་རྒྱུན་ལས་ཀྱིས་ས་གནས་ཀྱི་སྐྱབས་བཅོལ་བོད་མིའི་གནས་བབ་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

༡ ང་ཚོར་ཕྱི་ལོ་ ༢༠༡༣ ཟླ་ ༠༩ ཚེས་ ༠༡ ཉིན་ནས་སྦེལ་རྗམ་དུ་སྐྱབས་བཅོད་ལ་ཡོང་བའི་བོད་མིར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་འགོ་བཙུགས་པ་ནས་ད་ལྟའི་བར། ང་ཚོའི་རྒྱུན་ལས་ཀྱི་ཐོ་གཞུང་དུ་འཁོད་པ་ལྟར་ན་མི་གྲངས་ ༣༤༢ བྱུང་ཡོད་པ་དང་། དེའི་ནང་ནས་མི་གྲངས་ ༢༢༣ ལ་སྦེལ་རྗམ་གཞུང་གིས་སྐྱབས་བཅོལ་མི་སྤྲོད་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད། ད་ལྟ་མི་གྲངས་ ༡༥༠ ལྷག་ཅིག་ནི་སྦེལ་རྗམ་རྒྱལ་ཁོངས་ནས་སྡོད་མི་ཆོག་པའི་གནས་བབ་འོག འགྲོ་ས་དང་སྡོད་ས་ངེས་པ་མེད་པ་དང་། ཐ་ན་ཉིན་རེའི་འཚོ་བ་ཡང་སྦྱིན་གཏོང་ཚོགས་པ་དེ་འདྲ་ནས་སློང་མོ་ལ་བརྟེན་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད།

༢ ང་ཚོར་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་གཙོ་བོ་ནི། གཅིག༽ ང་ཚོས་སྐྱབས་བཅོལ་དང་པོ་རྒྱ་གར་དུ་ཞུས་འདུག་ཅེས་པ་དང་། གཉིས༽ ང་ཚོར་ RC དང་IC འདུག་པ་དང་རྒྱ་གར་དུ་སྲུང་སྐྱོབ་དང་གནས་བབ་ཡག་པོ་འདུག་ཅེས་སོགས། མདོར་ལ་རྒྱ་གར་དུ་བོད་པ་ཚོར་དཀའ་ངལ་མི་འདུག་ཅེས་པ་དེ་རེད། ང་ཚོར་དཀའ་ངལ་འཕྲད་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་དང་། ས་གནས་སྐུ་ཚབ་དོན་གཅོད་བཅས་སུ་འབྲེལ་བ་བྱས་དང་བྱེད་བཞིན་པ་དང་། ང་ཚོའི་དཀའ་ངལ་བྱུང་བའི་ཕྱོགས་ཡོངས་ཀྱི་གནས་བབ་ཆ་ཚང་རང་གཞུང་བཀའ་སྤྱི་གཉིས་དང་འབྲེལ་ཡོད་དོན་གཅོད་བཅས་ལ་དུས་ཐོག་སྙན་གསན་ཞུ་བ། བཀའ་སློབ་ལམ་སྟོན་ཞུ་བཞིན་ཡོད་ལ། ད་བར་གཞུང་ངོས་ནས་ཀྱང་ཐུགས་ཁུར་ཆེན་པོའི་ངང་ནས་ལྟ་རྟོག་དང་། དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་དང་གནང་བཞིན་པར་ང་ཚོ་མི་མང་ཚང་མས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ། མ་འོངས་པར་ཡང་རང་གཞུང་ཁོ་ན་ལ་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད།

༣ ང་ཚོ་རྒྱུན་ལས་རང་ངོས་ནས་ཀྱང་སོ་སོ་རང་མགོ་ཐོན་གྱི་ཡོད་མིན་ལ་མ་ལྟོས་པར། བོད་མིའི་རྩ་དོན་དང་འབྲེལ་བའི་ཐོག་ནས་ས་གནས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཁང་དང་། Caritas International དང་། Cire ཅེས་པ་སོགས་རྒྱལ་སྤྱི་རིང་བཞིན་ཅན་གྱི་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་གྱི་ཚོགས་པ་མང་དག་ཅིག་ལ་བོད་མི་སྤྱིའི་གནས་བབ་དང་། ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས། བོད་མིའི་རྩ་འདོན་དང་འབྲེལ་བའི་ཞུ་གཏུག་དང་འབྲེལ་ས་གནས་ཀྱི་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་སྐོར་ཀྱི་བདེ་སྡུག་ཞུ་གཏུག་གི་ལས་འགུལ་ཞིག་ཀྱང་སྦེལ་བཞིན་ཡོད།

༤ ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་དེང་སང་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་ལ་བརྟེན་ནས། བོད་མི་མང་པོ་ཞིག་སེམས་ཁམས་ནད་པར་གྱུར་བ་སོགས་ཀྱི་རྐྱེན་ངན་བྱུང་བའི་གནས་ཚུལ་ཐོན་གྱི་འདུག་ལ། ང་ཚོར་ཐོག་མར་དཀའ་ངལ་འཕྲད་སྐབས་ཀྱང་མི་མང་གི་སེམས་ཁམས་དང་ཀུན་སྤྱོད་ཐད་ཤུགས་རྐྱེན་ངན་པ་སླེབས་སྲིད་པའི་ཉེན་ཁ་ཆེན་པོ་མཐོང་། རང་གཞུང་དང་འབྲེལ་ཡོད་ཁག་གིས་ལམ་སྟོན་སློབ་གསོ་བྱུང་སོང་ལ། ང་ཚོར་རེ་བ་དང་ཡིད་ཆེས་བྱེད་ས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། རང་གཞུང་འབྲེལ་ཡོད་དང་བཅས་པས་ང་ཚོར་རྒྱབ་སྐྱོར་དང་ལྟ་རྟོག་བཅས་ཡོད་པར་བརྟེན། ད་ལྟའི་བར་ང་ཚོའི་དཀའ་ངལ་དེའི་ཤུགས་རྐྱེན་ལ་བརྟེན་ནས་སེམས་ཁམས་ནད་པ་དང་། ར་བཟི་བ་དང་། རྐུན་རྐུ་བ་སོགས་ཀུན་སྤྱོད་མ་རབ་སོགས་ཀྱི་རྐྱེན་ངན་མ་ལེགས་པ་གང་ཡང་བྱུང་མེད། མ་འོངས་པར་ཡང་ང་ཚོའི་ལུས་སེམས་གཉིས་ཀྱི་ཐོག་ནས་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་བའི་ཤུགས་རྐྱེན་ངན་པ་མི་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཆོག་པ་ཡོད། འདི་ནི་ང་ཚོས་དཀའ་ངལ་གདོང་ལེན་བྱས་པའི་རྒྱལ་ཁ་ཞིག་ལ་ཡང་བརྩི་ཆོག་པར་འདོད།

༥ དེང་སྐབས་ང་ཚོ་སྦེལ་རྗམ་གཅིག་པུ་མ་ཡིན་པར་ཡོ་རོབ་ཁུལ་སོགས་ཕྱོགས་སོ་སོར་བོད་མིར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། ང་ཚོས་སུད་སུ་དང་ཧོ་ལན་ཌི་སོགས་ཀྱི་དཀའ་ངལ་འཕྲད་ཡུལ་ཁག་ཅིག་ལ་སྒྲིག་འཛུགས་ཡོད་མེད་དང་། འབྲེལ་བ་བྱེད་ས་རག་མིན་ཚོད་ལྟ་མང་པོ་བྱས་ཀྱང་དེ་ལྟར་གང་ཡང་རག་མ་སོང་། རྗེས་སུ་ཡོ་རོབ་ཁུལ་གྱི་སྐྱབས་བཅོལ་ཡིག་ཆའི་ཐད་དཀའ་ངལ་འཕྲད་ཡུལ་མི་མང་ཚང་མ་གཅིག་སྒྲིལ་གྱིས་ལས་ཀ་བྱེད་རྒྱུ་གང་ཡོད་ཀྱང་ལྟ་འདོད་བྱེད་ཀྱི་ཡོད།

༦ མཐར་ད་ལྟའི་ང་ཚོ་རྒྱུན་ལས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་དོན་གཅོད་དང་། དེ་མིན་ས་གནས་ཀྱི་བོད་མིའི་ཚོགས་སྡེ་ཁག་དང་། མི་སྒེར་བཅས་འབྲེལ་ཡོད་མང་པོ་ཞིག་ལ་དུས་ནས་དུས་སུ་རེ་སྐུལ་གང་ཞུས་པ་ལ། ཚང་མས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་འདུག་པར་ཐུགས་རྗེ་ཆེ་ཞུ་བ་ཡིན།

གསལ་བཤད། གསལ་འགོད་གསལ་བསྒྲགས་འདི་༢༠༡༤ ཟླ་ ༠༩ ཚེས་ ༢༥ ཉིན་སྦེལ་རྗམ་སྐྱབས་འཚོལ་བོད་མིའི་འཐུས་མིའི་རྒྱུན་ལས་ལྷན་འཛོམས་ཀྱིས་ས་གནས་ཀྱི་གནས་བབ་འབྲེལ་བའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་སྟེ། གསལ་འགོད་གསལ་བསྒྲགས་འདི་སྤེལ་རྒྱུར་གྲོས་ཆོད་བྱུང་བ་བཞིན་སྦེལ་རྗམ་སྐྱབས་འཚོལ་བོད་མིའི་འཐུས་མིའི་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༠༩ ཚེས་ ༢༥ ཉིན་སྦེལ་རྗམ་གྱི་རྒྱལ་ལ་ས་Burssel བྷུར་སིལ་ནས། །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།