སྲིད་སྐྱོང་གིས་ལོ་གསར་ལ་འཚམས་འདྲི་གནང་འདུག

བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ། བཀའ་ཤག་དང་། སྲིད་སྐྱོང་སྒེར་གྱི་ངོས་ནས། གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ། བཀའ་ཤག་དང་། སྲིད་སྐྱོང་སྒེར་གྱི་ངོས་ནས། གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལོ་གསར་སྐབས། ནང་མི་སྤུན་མཆེད་ཚང་མ་མཉམ་དུ་འཛོམས་ནས་དགའ་དགའ་སྤྲོ་སྤྲོ་བྱ་རྒྱུའི་དུས་ཚོད་ཅིག་ཡིན་དུས། ལོ་གསར་དང་འབྲེལ་བའི་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ལ་ཚང་མས་མཉམ་ཞུགས་གནང་གི་ཡོད་རེད། དེ་བཞིན་མི་ཐོག་གཞོན་པ་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་དེ་ཚོར་ཐུགས་སྣང་གིས་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་འདུག ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་ཕྱི་ནང་གཉིས་ཀར། ཕྱི་ལུས་པོའི་ཐོག་ནས་ལོ་གསར་པའི་སྤྲོ་སྐྱིད་བཏང་གི་ཡོད་ནའང་། ནང་སེམས་པའི་ཐོག་ལ་བོད་ས་ཡོངས་རྫོགས་བཙན་བཟུང་འོག་ལ་གནས་ཏེ། ད་ལྟའང་ཛ་དྲག་དང་། ཆེས་དམ་དྲག་གི་ཡ་ང་བའི་གནས་སྟངས་ཤིག་གི་འོག་བསྡད་ཡོད་དུས། ད་བར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་གྱི་དཔའ་བོ་དཔའ་མོ་ཡོངས་དང་། ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ང་ཚོས་ནམ་ཡང་བརྗེད་ཐབས་མེད།

ཕྱི་ལོ་ ༢༠༡༤ དེ་ང་ཚོས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་བརྩི་ཞུས་པ་རེད། ལོ་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་ཀྱི་ཡོད། དེ་འདྲ་སོང་ཙང་། སྐུའི་གྱ་སྟོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་བཞིན་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༤ ནས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོོའི་དབང་ཆེན་ཐེངས་ ༣༤ པ་དེ་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་ནི། གཞིས་བྱེས་བོད་མི་ཙམ་དུ་མ་ཟད། སྐྱེ་འགྲོ་གྲངས་ལས་འདས་པར་བསོད་ནམས་ཀྱི་གོ་སྐལ་བཟང་པོ་ཞིག་ཆགས་ཡོད། དེ་འདྲ་སོང་ཙང་། བསོད་ནམས་བསག་རྒྱུའི་ཆེད་དུ་རྣམ་དཀར་དགེ་བའི་ལས་ལ་བརྩོན་རྒྱུ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་ཆེད། བོད་མི་ཡོངས་ནས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་སྲིད་ཀྱི་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས། ཉམས་ལེན་ཚུལ་བཞིན་དུ་བྱ་རྒྱུ་དང་། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གསུམ་ལ་བརྟེན་ནས། བོད་མིའི་མངོན་འདོད་སྒྲུབ་ཐབས་སུ་ལྷག་བསམ་རྣམ་དག་གི་སྒོ་ནས་མུ་མཐུད་འབད་ བརྩོན་སྔར་བཞིན་བྱ་དགོས། མཐའ་དོན་སླར་ཡང་ལོ་གསར་པའི་དགའ་སྟོན་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ལྷན་རྒྱས་ཚང་མ་སྐུ་ཁམས་བཟང་ལ། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།