བོད་ལྗོངས་སུ་མ་དང་བྱིས་པ་འདས་གྲོངས་སོང་བ་རྒྱ་ནག་ནང་ཆེས་མང་ཤོས་ཆགས་ཡོད།

ཟླ་འདིའི་ཚེས་༤ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སྟེ། “བོད་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཛ་དྲག་གནས་སྟངས་”སྐོར་གྱི་སྙན་ཐོ་དབྱིན་ཡིག་ཐོག་བཏོན་ཡོད་པ་རེད།

ཟླ་འདིའི་ཚེས་༤ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སྟེ། “བོད་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཛ་དྲག་གནས་སྟངས་”སྐོར་གྱི་སྙན་ཐོ་དབྱིན་ཡིག་ཐོག་བཏོན་ཡོད་པ་རེད།

སྙན་ཐོ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་བོད་ནང་གི་འཕྲོད་བསྟེན་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་མོས་འགྲེལ་བརྗོད་གནང་བ་ལྟར་ན། སྙན་ཐོ་དེའི་ནང་རྒྱ་ནག་རྒྱལ་ཡོངས་སུ་འཕྲོད་བསྟེན་གནས་སྟངས་སྔར་ལས་ཡར་རྒྱས་ཕྱིན་ཡོད་ནའང་། བོད་ནང་དུ་མ་བུའི་བདེ་སྲུང་འཕྲོད་བསྟེན་ནི་སྔར་བཞིན་ཛ་དྲག་འོག་གནས་ཡོད་པ་དང་། དེའི་རྒྱུ་རྐྱེན་བོད་ཁུལ་དུ་མང་ཚོགས་ཀྱི་འཕྲོད་བསྟེན་སྨན་བཅོས་ལམ་ལུགས་དང་མཐུན་རྐྱེན་ཞན་པས་ཡིན་པ་གསལ་འདོན་བྱས་ཡོད་འདུག་ལ། ད་ཐེངས་ཀྱི་སྙན་ཐོ་དེ་གཙོ་བོ་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་བྱུང་བའི་གནས་ཚུལ་ཡིན་པ་རེད།

ཚེ་རིང་མཚོ་མོས། སྙན་ཐོ་དེ་རྒྱ་ནག་གཞུང་འགྲེལ་གྱིས་བཏོན་པའི་འཕྲོད་བསྟེན་སྙན་ཐོ་གཞིར་བཟུང་གིས་ཞིབ་འཇུག་བྱས་ཡོད་པ་དང་། རྒྱ་ནག་གཞུང་གི་སྙན་ཐོའི་ནང་མ་འཁོད་པའི་བོད་ཀྱི་ཨ་མ་དང་ཕྲུ་གུ་འདས་གྲོངས་སོང་བ་དེ་ལས་མང་བ་བཤད་མ་དགོས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་ལ། ད་ལྟ་བོད་ནང་དུ་ཕྱི་རྒྱལ་ཁག་གི་འཕྲོད་བསྟེན་རོགས་སྐྱོར་ཚོགས་པ་ཁག་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

unnamed123ད་ལྟ་སྙན་ཐོའོ་ནང་བོད་རང་སྐྱོང་ལྗོངས་ལས། རྒྱ་ནག་ཞིང་ཆེན་གཞན་པའི་འོག་བོད་རིགས་གནས་སྡོད་ས་ཁག་ཚུད་མེད་པ་དང་། བོད་རིགས་སྡོད་སའི་ས་གནས་དེ་དག་ནང་དུ་ཡང་རྒྱ་ནག་ལས་འཕྲོད་བསྟེན་སྐྱོ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་སྙན་ཐོའི་ནང་འཁོད་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་བྱིས་པའི་སྐྱེ་འཕེལ་དང་འབྲེལ་བའི་ན་ཚ་དང་འདས་གྲོངས་ཀྱི་གནས་སྟངས་ཐད་ནས།  བོད་ཀྱི་ཞིང་གྲོང་ས་ཁུལ་གྱི་མ་བུའི་འཕྲོད་བསྟེན་གནས་སྟངས་ནི་ཧ་ཅང་ཛ་དྲག་གི་གནས་བབས་ཤིག་ལ་སླེབས་ཡོད་པ་མ་ཟད། བོད་རིགས་སྦྲུམ་མ་དང་བྱིས་པའི་བདེ་ཐང་གནས་སྟངས་ནི་རྒྱ་ནག་རྒྱལ་ཡོངས་ཁྲོད་ཆེས་སྐྱོ་ཤོས་དེ་ཆགས་ཡོད་པ་དང་།  ༢༠༠༩ ལོར་བོད་རང་སྐྱོང་ལྗོངས་ནང་། སྦྲུམ་མ་དང་བྱིས་པ་འདས་གྲོངས་ཕྱིན་པའི་གྲངས་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཁྲོད་ཆེས་མཐོ་ཤོས་ཆགས་ཡོད་པ་མ་ཟད། དེ་གཉིས་སོ་སོའི་འདས་གྲོངས་ཀྱི་གྲངས་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཆ་སྙོམས་ཚད་གཞི་ལས་ལྡབ་༨ དང་ལྡབ་༢་༧ བཅས་ཡིན་པ་རེད། དེ་བཞིན། བྱིས་པའི་འཚོ་བཅུད་འདང་ངེས་མེད་པའི་གནས་སྟངས་ཛ་དྲག་ཚད་ནི་བརྒྱ་ཆ་༣་༦ ལ་སླེབས་ཡོད་པ་དང་།  རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་གནས་ཚད་ལས་ལྡབ་༢ བརྒལ་ཡོད་པ་རེད། ད་དུང་བོད་རང་སྐྱོང་ལྗོངས་ནང་མིའི་ཚེ་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་ལས་ལོ་༨་༥ ཡིས་དམའ་བ་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ལྗོངས་ས་ཁུལ་ཡོངས་ལས་ཆེས་དམའ་ཤོས་དེ་ཆགས་ཡོད་པ་རེད།

སྙན་ཐོ་དེའི་ནང་འཁོད་དོན། བོད་ནང་མ་བུའི་འཕྲོད་བསྟེན་གནས་སྟངས་ཞན་པོ་ཡོད་པ་དེ་ནི། མཐར་གཏུགས་ན་རྒྱ་གཞུང་གི་འཕྲོད་བསྟེན་ལམ་ལུགས་འཐུས་ཚང་མེད་པ་དེར་ཐུག་ཡོད།  ཕྱི་ལོ་ ༢༠༠༩ ལོར་རྒྱ་གཞུང་གི་འཕྲོད་བསྟེན་ལམ་ལུགས་འོག་བོད་རང་སྐྱོང་ལྗོངས་ནང་སྦྲུམ་མ་བརྒྱ་ཆ་༣༣ དང་བྱིས་པ་བརྒྱ་ཆ་༤༡ ལ་འཕྲོད་བསྟེན་གྱི་མཐུན་འགྱུར་རག་ཡོད་པ་རེད། ཡིན་ནའང་། གྲངས་ཚད་དེ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་ལས་ཕྱེད་ཀ་མ་གཏོགས་ཟིན་མེད་པ་དང་། ད་དུང་རྒྱ་ནག་རྒྱལ་ཡོངས་ཞིང་ལྗོངས་ཡོངས་ལས་ཆེས་དམའ་ཤོས་དེ་ཆགས་ཡོད།

བདེ་ཐང་འཕྲོད་བསྟེན་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ནང་།  འཕྲོད་བསྟེན་མ་ལག་ཐད་འགྲོ་གྲོན་འདང་ངེས་མེད་པ་དང་། སྦྲུམ་མའི་འཕྲོད་བསྟེན་ཐད་ཀྱི་སྒྲིག་གཞི་འཐུས་ཚང་མིན་པ། མ་བུ་བདེ་སྲུང་ཐད་ཀྱི་ཚད་ལྡན་སྨན་པ་དེ་བས་ཀྱང་ཧ་ཅང་དཀོན་པོ་ཡིན་པ་རེད།  གནས་ཚུལ་འདི་དག་གི་འབྱུང་རྩ་གཙོ་བོ་ནི་བོད་གཞི་རིམ་ཞིང་འབྲོག་ཁུལ་གྱི་མ་བུའི་བདེ་སྲུང་ཐད།  རྒྱ་གཞུང་གིས་ས་བབས་གནས་སྟངས་དང་འབྲེལ་བའི་འཕྲོད་བསྟེན་ཞབས་ཞུའི་མཐུན་རྐྱེན་དང་འཕྲོད་བསྟེན་མ་དངུལ་བཅས་ལེགས་པོ་མེད་པས་རེད། མདོར་ན་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཁོངས་ལ་ཚད་བཀག་ངེས་ཅན་ཐེབས་པ་དང་། འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་ཧ་ཅང་ཞན་པོ་ཡོད་པ།  དེའི་ཐོག་ས་གནས་བོད་རིགས་མང་ཚོགས་ཀྱི་དཔལ་འབྱོར་མཐུན་རྐྱེན་ཞན་པ་དང་འཕྲོད་བསྟེན་ཐད་ཀྱི་ཤེས་བྱ་དང་འདུ་ཤེས་ཧ་ཅང་དམའ་བ་བཅས་ལ་བརྟེན་ནས། མ་བུའི་བདེ་སྲུང་འཕྲོད་བསྟེན་ཐད་ཀྱི་དཀའ་ངལ་དེ་བས་ཀྱང་ཚབ་ཆེ་རུ་ཕྱིན་ཡོད།

སྙན་ཐོ་འདིའི་ནང་འཁོད་དོན། བོད་རིགས་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཐད་རྒྱ་གཞུང་གིས་དབྱེ་འབྱེད་བྱ་སྤྱོད་སྤེལ་དེ་བོད་མིའི་འཕྲོད་བསྟེན་ཐོབ་ཐང་བརྡལ་བཤིག་བཏང་ཡོད་པ་གསལ་འདོན་བྱས་ཡོད། རྒྱ་གཞུང་གིས་ནམ་རྒྱུན་རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕྲོད་བསྟེན་གནས་ཚད་གཞིར་བཟུང་ནས། རྒྱལ་སྤྱིའི་སྒང་ལ་རྒྱ་ནག་ནང་གི་འཕྲོད་བསྟེན་གནས་སྟངས་དབྱེ་ཞིབ་དང་དྲིལ་བསྒྲགས་བྱས་ཏེ།   བོད་ནང་གི་ཛ་དྲག་འཕྲོད་བསྟེན་གནས་སྟངས་སྦས་གསང་བྱས་ཡོད།

ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཛུགས་བསྐྲུན་དམིགས་ཚད་ལས་འགུལ་གྱི་ངོས་ནས་ཀྱང་། རྒྱ་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་ཁུལ་དང་རྒྱའི་ས་ཁུལ་གཉིས་བར་འཕྲོད་བསྟེན་གནས་སྟངས་ཐད་ཧེ་བག་ཆེན་པོ་ཡོད་པ་དེ་ངོས་འཛིན་གསལ་པོ་བྱུང་མི་འདུག  དེར་བརྟེན། སྤྱིར་རྒྱ་ནག་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་གནས་སྟངས་སྔར་དང་བསྡུར་ན་ཡར་རྒྱས་ཆེན་པོ་བྱུང་ཡོད་ནའང་། བོད་ཁུལ་གྱི་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་གནས་སྟངས་ནི་སྔར་བཞིན་ཡར་རྒྱས་ཕྱིན་མེད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཁྲོད་སྦྲུམ་མ་དང་བྱིས་པའི་འདས་གྲོངས་ཆེས་ཛ་དྲག་གི་ས་ཁུལ་དེ་ཡང་བོད་ཆགས་ཡོད།

སྙན་ཐོའི་ནང། བོད་ནང་སྦྲུམ་མ་དང་བྱིས་པའི་འཕྲོད་བསྟེན་ཐད་ཀྱི་ལས་གཞི་གཉིས་གཞིར་བཟུང་།   སྙན་ཐོའི་ནང་འཁོད་དོན། རྒྱ་གཞུང་གིས་གྲོང་སྡེ་འཕྲོད་བསྟེན་ཞབས་ཞུའི་མི་སྣ་རྨང་གཞིར་བཟུང་བའི་ཐོག་ནས། གཞི་རིམ་ཞིང་འབྲོག་ཁུལ་གྱི་ས་གནས་སོ་སོར་འཕྲོད་བསྟེན་མ་ལག་འཛུགས་བསྐྲུན་འཐུས་ཚང་དུ་བཏང་བ་ཡིན་ན།  ད་ལྟའི་བོད་ནང་གི་མ་བུའི་བདེ་སྲུང་འཕྲོད་བསྟེན་གྱི་ཛ་དྲག་གནས་སྟངས་དེ་འབྱུང་འགྱུར་ཡར་རྒྱས་སུ་གཏོང་ཐུབ་པའི་སྐོར་གསལ་འདོན་བྱས་ཡོད་པ་དང་། མདོར་བསྡུས་ན་བོད་ནང་གི་སྦྲུམ་མ་དང་བྱིས་པའི་ཛ་དྲག་གི་འཕྲོད་བསྟེན་གནས་སྟངས་དེ་ནི། རྒྱ་གཞུང་གིས་དུས་རྒྱུན་དྲིལ་སྒྲོག་བྱེད་བཞིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་ཁོ་ན་ཞིག་མིན་པར། སྤྱི་ཚོགས་དྲང་སྙོམས་མེད་པ་དང་འགྲོ་བ་མིའི་ཐོབ་བརྡལ་བཤིག་གཏོང་བཞིན་པའི་གནད་དོན་ཤིག་ཆགས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།