ལྷ་སྡེ་གནམ་ལོ་ཡག་གིས་བོད་དོན་གླེང་བ།

གསུམ་བཅུའི་དུས་དྲན་ཐེངས ༥༦སླེབས་ལ་ཉེ་བས། ལོ་ནས་ལོར་མཐུད་ཀྱིན་པའི་དུས་དྲན་འདིར་ནམ་རྒྱུན་ལྟར་སྙན་ངག་ཅིག་བྲིས་ནས་རྗེས་དྲན་བྱེད་འོས་མིན་ཐད་བསམ་བློ་བཏང་བ་ཡིན།

གསུམ་བཅུའི་དུས་དྲན་ཐེངས ༥༦སླེབས་ལ་ཉེ་བས། ལོ་ནས་ལོར་མཐུད་ཀྱིན་པའི་དུས་དྲན་འདིར་ནམ་རྒྱུན་ལྟར་སྙན་ངག་ཅིག་བྲིས་ནས་རྗེས་དྲན་བྱེད་འོས་མིན་ཐད་བསམ་བློ་བཏང་བ་ཡིན། བསམ་བློ་བཏང་གིན་བཏང་གིན་ཕྱི་ལོ ༢༠༡༠ལོའི་ཟླ ༨ནང༼བོད་ཀྱི་དུས་བབ༽སྟེང་མཐུད་འགོད་བྱེད་མྱོང་བའི་རྩོམ་འཁྱོག་རེ་འགའ་ཡོད་པ་ཡིད་ལ་འཁོར་བྱུང་། དེ་ནས་རྩོམ་འཁྱོག་དེ་དག་ཚུར་བཤུས་ནས་ཀློག་སྐབས། ད་དུང་བརྗོད་དོན་རྙིང་བ་ཆགས་མེད་པ་འདྲ་བས། ཐུགས་ཕན་གསོ་ཐུབ་མིན་གང་ལྟར་ཡང་བཟོ་བཅོས་ཉུང་ཙམ་བརྒྱབ་རྗེས། སླར་ཡང་ཚང་མའི་སྤྱན་སྔར་ཕུལ་བ་ཡིན་པས། ཅིས་ཀྱང་དབྱེ་ཞིབ་དང་དག་ཐེར་གནང་བར་འབོད་བསྐུལ་ཡོད། མ་གཞི་དོགས་སློང་དང་ལེན་བྱེད་ཐུབ་མིན་ནི་བརྗོད་དོན་གང་ཡང་རུང་བ་ཞིག་འཐུས་ཚང་དང་སྤུས་ལེགས་སུ་གཏོང་འདོད་ཡོད་མིན་ལ་ཐུག་ཡོད་པར་མ་ཟད། འགྱེལ་ས་ནས་ཡར་ལངས་ཐུབ་མིན་ལའང་ཐུག་ཡོད་འདོད།

བོད་དོན་བསྐྱར་གླེང་།

ཉེ་ཆར་ཕྲན་གྱིས༼བཙན་བྱོལ་བོད་གཞུང་བསྡུ་གསོག་ལས་བསྐྱེད་པའི་བསམ་གཞིགས༽དུས་བབ་དྲ་རྒྱ་དང་འོད་དཀར་ཟིན་བྲིས་སོགས་སུ་སྤེལ་རྗེས། བོད་ཕྱི་ནང་གཉིས་ནས་ཁ་པར་མ་འདྲ་བ་ཁག་འགའ་འབྱོར་བ་དང་ཁོང་ཚོས་བོད་དོན་བསྐྱར་གླེང་ཞིག་ཅིས་ཀྱང་ཕྲན་ནས་འགོ་འཛུགས་བྱེད་འོས་པའི་བསྐུལ་མ་གནང་སོང་། ཡིན་ནའང་། སློབ་སྦྱོང་ལ་བྲེལ་བ་ཆེ་བ་དང་འཚོ་སྡོད་སླད་གླ་ལས་བྱེད་དགོས་པ་སོགས་ཀྱི་དབང་གིས་དེ་རིང་བར་བརྗོད་གཞི་འདིར་ལག་པ་འཆིང་བའི་དུས་ཚོད་རེག་མ་སོང་།

མ་གཞི་བོད་དོན་བསྐྱར་གླེང་ནི་གཏེར་མཛོད་ཅིག་གི་ཁ་ཕྱེས་པ་ལྟ་བུའི་བརྗོད་གཞི་ཞིག་ཡིན་པར་མ་ཟད། རྩོམ་ཐུང་ཁ་ཤས་ནང་འདུ་ཐབས་ཡོད་པའི་དོན་དག་ཅིག་མིན་མོད། ནག་རིལ་གདོང་འདེད་ཀྱི་དཔེ་ལས་གཡོལ་ནས་དཀར་རིལ་ལྡིང་ཤེས་ཀྱི་ཚུལ་ལ་འཇུས་ཏེ། མཛུབ་མོས་རི་བསྟན་ལྟ་བུའི་འཕྲེད་ལམ་ཞིག་ལ་འཇུག་རྩིས་ཡིན་ཞིང་། དེང་སྐབས༼བོད་དོན༽ལ་འགྲེལ་བཤད་སྣ་ཚོགས་ཤིག་ཐོན་བཞིན་པས། ཐོག་མར་བོད་དོན་གྱི་གོ་དོན་མ་ནོར་བ་ཞིག་མི་རྣམས་ཀྱི་མིག་འདུན་ལ་བཤམས་ཨེ་ཐུབ་ལྟ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པར་འདོད།
བོད་དོན་ལ་སྒྲ་ཡངས་དོག་གཉིས་ཀྱི་ལམ་ནས་ལྟ་འོས་ཤིང་། ཟོར་ཡངས་པོའི་ལམ་ནས་ལྟ་སྐབས། བོད་དོན་ནི་སྤྱི་དོན་ཞིག་སྟེ། གཙོ་བོ་ཕྱོགས་གཉིས་སུ་དབྱེ་ཆོག་ཅིང་།  ཁོར་ཡུག་གིས་བསྐྱེད་པའི་གནམ་གཤིས་དང་ཆུའི་གནད་དོན། དམག་དོན་གྱིས་མཚོན་པའི་ཨེ་ཤི་ཡ་ལྷོ་མའི་བདེ་འཇགས་ཀྱི་གནད་དོན།   སྔ་མའམ་གནམ་གཤིས་དང་ཆུའི་གནད་དོན་ཐད་ཀར་གངས་ཅན་མཐོ་སྒང་གི་ཁྱིམ་མཚེས་གྱུར་བའི་ཨེ་ཤི་ཡ་ཤར་མ་དང་ལྷོ་མ་འདུ་བའི་འཛམ་གླིང་སྤྱིའི་མི་འབོར་གྱི་གཉིས་ཆའི་གཅིག་གམ། ཧ་ལམ་མི་འབོར་དུང་ཕྱུར་སུམ་ཅུ་ལྷག་གི་འཚོ་སྡོད་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། དཔེར་ན། ཉིན་ཤས་ནང་འབྲི་ཆུའི་གཞུང་རྒྱུད་དུ་ཐེབས་པའི་ཆུ་སྐྱོན་གྱིས་འགྲེལ་བཤད་རྒྱག་མ་ཐུབ་པ་བྱུང་མེད། ཕྱི་མ་སྟེ་དམག་དོན་གྱིས་མཚོན་པའི་ཨེ་ཤི་ཡ་ལྷོ་མའི་བདེ་འཇགས་ཀྱི་གནད་དོན་ལ་མཚོན་ན། དེང་གི་ཆར་བདེ་འཇགས་གནད་དོན་ཐད་ཀྱི་ཚོར་བ་ཟབ་ཤོས་དེ་དང་འཇིགས་དངངས་ཆེ་ཤོས་དེ་རྒྱ་གར་ལ་བསྐྱེད་ཀྱིན་ཡོད་པས། དམག་དོན་དེང་རབས་ཅན་གྱིས་རྒྱལ་ཁབ་བདེ་འཇགས་ལ་འཕྲད་ཀྱིན་པའི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་མེད་པའི་ཁར། ས་མདུད་འཐབ་ཇུས་ཀྱི་བྱེད་ནུས་དུས་རབས་གང་འཚམས་ནང་མུ་མཐུད་ནས་གནས་རྒྱུ་ཡིན་པའང་གསལ་སྟོན་གནང་ཐུབ་ཡོད།

སྒྲ་དོག་འཇུག་གི་ལམ་ནས་ལྟ་སྐབས། བོད་དོན་ནི་བོད་མིའི་མངོན་འདོད། འཚོ་གནས་རྒྱུན་མཐུད་དང་བོད་རིག་པ་དར་སྤེལ་སོགས་ལ་གོ་འོས་ཤིང་། སྔ་མ་ནི་ཕྱི་ལོ  ༢༠༠༨ལོའི་ཞི་རྒོལ་ཆེན་མོས་མཚོན་གྱི་ཡོད་པ་དང༼བོད་རང་བཙན་དང་རྒྱལ་བ་རིན་པོ་ཆེ་ཕྱིར་རང་ཡུལ་ལ་ལོག་ཏུ་འཇུག་རྒྱུ༽གཉིས་འབུར་ཐོན་རང་བཞིན་ཅན་གྱི་འབོད་སྐད་གཉིས་ཡིན་ཞིང་། དེ་ལ་འགྲེལ་ཚུལ་མ་འདྲ་བ་ཁག་གཉིས་ཐོན་གྱི་ཡོད་ནའང་།  དོན་ལ་པེ་ཅིན་གྱི་དབང་བསྒྱུར་འོག་འདུག་མ་འདོད་པའམ། མི་ལོ་དུ་མའི་མཉམ་གནས་བརྒྱུད་ནས་སུན་སྣང་། ཡིད་ཆད་དང་འཇིགས་སྣང་ལས་བདེ་སྐྱིད་ཀྱི་སེམས་ཁམས་སམ་མགུ་ཁེངས་མ་ཐུབ་པའི་མཐའ་འབྲས་ཉག་གཅིག་ཏུ་གོ་ཆོག་པ་དང་། ད་གཟོད་ལོ་རྒྱུས་ཀྱི་གནས་བབ་བསྐྱར་གསོར་དམིགས་པའི་སད་རྟོགས་རང་བཞིན་གྱི་ལས་འགུལ་ཞིག་ཏུ་གྱུར་ཡོད།  དཔེར་ན། སྐབས་དེར་ཨ་མདོ་རྨ་ཆུ་རྫོང་ཁོངས་སུ་རྔམ་སྟོན་ཁྲོམ་བསྐོར་བྱུང་བའི་ཁྲོད་གཞི་རིམ་སྲིད་གཞུང(རྒྱ་སྐད་ནང་ཤང་ཞེས་འབོད)ཁག་རེ་གཉིས་ཀྱི་འགན་འཛིན་ཚོར་སད་ཡིག་རྒྱག་ཏུ་བཅུག་ཡོད་པ་དང་། རྔམ་སྟོན་ཁྲོམ་བསྐོར་པ་གཞན་ཚོར་ཁ་པར་བཏང་ནས་ང་ཚོས་འདི་གའི་གཞི་རིམ་སྲིད་གཞུང་བླངས་ཚར་ཡོད། ཁྱོད་ཚོས་ལེན་ཐུབ་སོང་ངམ་ཞེས་དྲིས་ཡོད་པ་ལྟ་བུ་ཡིན། དེ་ཡིས་ག་རེ་སྟོན་བཞིན་ཡོད་དམ་ཞེ་ན། རང་གི་བདག་པོ་རང་ཉིད་མ་གྱུར་བའི་ཡར་སྔོན་ནས་མ་འོངས་ལམ་ཁ་ཆ་ཚང་འགག་ཚར་ཡོད་པ་ཤེས་ཡོད་པ་སྟོན་ཐུབ་ཡོད་པས། གཞི་རིམ་སྲིད་གཞུང་ཚུར་ལེན་པའི་བྱ་བར་གཞོལ་བར་གོ་བ་བླངས་ཆོག
བར་མའམ་འཚོ་གནས་ལ་མཚོན་ན། འཚོ་ཞིང་གནས་པ་སྟེ་ཟ་འཐུང་འགྲོ་སྡོད་ཙམ་ལས་བརྒལ་ནས་མུ་མཐུད་དུ་མི་རིགས་ཤིག་གི་ངོ་བོ་རྒྱུན་སྐྱོང་ཐུབ་མིན་ལ་འབྲེལ་བ་ཆགས་ཡོད་ལ། ངོ་བོ་ཞེས་པ་དེའང་བོད་ལྭ་ཙམ་གྱོན་པ་དང་བོད་ཡིག་གི་སྒོ་བྱང་ཙམ་མཐོང་རྒྱུ་ཡོད་པ། ཡང་ན། སྐེ་ལ་ཕྲེང་བ་རེ་བཏགས་ནས་ཁ་མུར་མུར་འགུལ་ཙམ་བྱས་པ་མ་ཡིན་པར་ཕྱི་མའམ་བོད་རིག་པའི་བེད་སྤྱོད་དང་དར་སྤེལ་རྒྱུན་མཐུད་ཐུབ་དགོས་ཀྱི་ཡོད་པས། བོད་རིག་པའི་རྒྱུན་མཐུད་དང་དར་སྤེལ་ཡང་བསྐྲུན་པ་པོ་མི་རིགས་འདིའི་ངོ་བོའམ་སྐད་བརྡ་རྒྱུན་སྐྱོང་དགོས་དོན་ལ་ཐུག་ཡོད་པའི་ཁར། ངོ་བོ་རྒྱུན་སྐྱོང་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ནི་རང་ཉིད་ཀྱི་ལས་དབང་ལ་རང་ཉིད་ནས་ཐག་གཅོད་བྱེད་པའི་རང་དབང་ཡོད་མེད་དེ་ཡིན། རྒྱུ་མཚན་གཙོ་བོ་གཅིག་དེ་བོད་དོན་དེ་བཞིན་སྤྱི་དོན་ཡིན་པ་གང་ཞིག་ལ་སྤྱི་དོན་ལེགས་འགྲུབ་ཡོང་བར་བོད་མི་དང་འབྲལ་ཐུབ་མེད་པའི་འབྲེལ་བ་ཞིག་ཆགས་ཡོད། དེ་ལས་ལྡོག་ན།  བོད་རིག་པ་ཁོ་ནའི་སྲུང་སྤེལ་ཡིག་རིགས་གཞན་དང་མི་རིགས་གཞན་དུའང་རྒྱུན་མཐུད་ཐུབ་ཀྱི་ཡོད།
བོད་རིག་པའང་མཚན་ཉིད་རིག་པ། ཆོས་ལུགས། རྩོམ་རིག  སྒྱུ་རྩལ། ཀུན་སྤྱོད། མཛེས་རིག་སོགས་འདུ་བའི༼བསམ་བློའི་རིག་གནས༽དང་།  ཟ་གོས་འགྲོ་སྡོད།  ཐོན་སྐྱེད་དམ་ཞིང་ཕྱུགས་ནགས་ལས་ཉ་ལས། དཔལ་འབྱོར་འཁོར་བསྐྱོད། ཚན་རིག་ལག་རྩལ(འདིའི་ནང་དུ་སྐར་རྩིས། ལི་ཐོ་དང་གསོ་བ་རིག་པ་ཚུད།) བཅས་གཙོར་བཟུང་བའི༼དངོས་པོའི་རིག་གནས༽ གུས་བརྩིའི་ལམ་སྲོལ། ཁྲིམས་སྲོལ། དཔོན་བསྐོའི་སྒྲིག་སྲོལ། དམག་ཁྲིམས། ས་ཁོངས་བརྒྱུད་འཛིན་སྒྲིག་སྲོལ། སློབ་གསོའི་ལམ་སྲོལ། ཁྲལ་དང་པེ་ཤག་གི་ཁྲིམས་སྲོལ། འཇལ་འདེགས་ལམ་སྲོལ། ལོ་རྩིས་གཏན་འབེབས་ལམ་སྲོལ། སྤྲུལ་སྐུའི་ལམ་ལུགས།  ཆོས་སྲིད་ཟུང་འབྲེལ། མི་རིགས་ས་གནས་རང་སྐྱོང་། ཡུལ་གྱར་དམངས་གཙོ་འདུ་བའི༼སྒྲིག་སྲོལ་རིག་གནས༽བཅས་ཀྱི་ཁྱབ་ཁོངས་ནང་རྟོག་ཞིབ་དང་འཚོལ་ཞིབ་བྱས་ཆོག
དེ་བས། བོད་རིག་པ་ཞེས་གླེང་མ་ཐག་ནང་ཆོས་ཁོ་ན་ཡིན་པར་འཆད་ཀྱིན་པ་དེ་མཐའ་གཅིག་ཏུ་ལྷུང་བའི་ལྟ་ཚུལ་ཞིག་ཡིན་པར་མ་ཟད།  བོད་དེ་བཞིན་སྔར་ནས་དེང་གི་ཆ་ལའང་བོན་ཆོས། ནང་ཆོས། ཁ་ཆེ། ཡི་ཤུ་བཅས་ཆོས་ལུགས་ཆེན་པོ་བཞི་མཉམ་གནས་མཉམ་སྤེལ་གྱི་བསྟི་གནས་ཡན་གར་བ་ཞིག་ཏུ་གྱུར་ཡོད་པས། དེང་སྐབས་རྒྱལ་བ་རིན་པོ་ཆེ་ནས་ཆོས་ལུགས་ཞི་མཐུན་ཐད་ཕྱག་ལས་གནང་བཞིན་པ་དེར་རྟེན་འབྲེལ་གྱི་ངོ་བོར་གྲུབ་ཡོད། བོད་ནང་སྔར་ཆོས་ལུགས་ཆེན་པོ་བཞི་ལ་དེ་འདྲའི་ཞི་མཐུན་མཉམ་གནས་ཀྱི་གནས་སྟངས་ཤིག་ཡོད་པ་ནི་འཛམ་གླིང་གི་མིག་དཔེ་ལྟ་སར་གྱུར་ཡོད་ལ།  གནས་སྟངས་དེ་སྲུང་སྐྱོབ་བྱེད་འོས་པའང་བཤད་མ་དགོས་པའི་དོན་དག་ཅིག་ཡིན།
ཕྲན་གྱིས་ག་དུས་ཀྱང་བོད་དོན་ནི་མི་རིགས་ཤིག་གི་སྲིད་དོན་མངོན་འདོད་ལས་བརྒལ་ནས་འཛམ་གླིང་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ལ་མཐོང་བཞིན་པར་མ་ཟད། མཐོང་བ་དེ་བཞིན་རྒྱ་ཡིག་ནང་ངོ་སྤྲོད་བྱས་དང་བྱེད་ཀྱིན་ཡོད་པ་དང་། དབྱིན་ཡིག་ནང་དུའང་ངོ་སྤྲོད་བྱས་ཡོད་ལ། སྒོས་སུ་ཨོ་སིོ་ཁྲི་ལི་ཡའི་གཞུང་འཛིན་ཚོགས་པའི་མདུན་སྡོད་སྤྱི་འཐུས་མཆོག་ལའང་ལོ་ཙཱ་བ་བརྒྱུད་ནས་ངོ་སྤྲོད་ལྷུག་པོ་བྱེད་མྱོང་ཡོད་པའི་ཁར། སྤྱི་འཐུས་མཆོག་སྒེར་ངོས་ནས་དེ་ག་ནང་བཞིན་ངོས་ལེན་གཙང་མ་གནང་ཡོད་པ་དང་། སྐབས་དེའི་སྲིད་བློན་མཆོག་གཙོས་གནད་ཡོད་མི་སྣའི་ཁྲོད་གླེང་སློང་གནང་བར་ཞལ་བཞེས་ཀྱང་ཐོབ་ཡོད། འོན་ཀྱང་། ཚང་མས་ངེས་པར་དུ་ཤེས་དགོས་པ་ནི་འདི་ལྟར་ངོ་སྤྲོད་བྱས་པ་ཙམ་མ་ཡིན་པར་དེར་མཐུན་གྱི་འོས་འགན་ཡང་ཁོང་ཚོར་ངོ་འཕྲོད་ཐུབ་དགོས་པ་ནི་བོད་དོན་འདི་བཞིན་བོད་མི་ཙམ་མ་ཡིན་པར་ཚང་མར་འབྲེལ་བ་ཆགས་ཡོད་སྟབས། གཞན་དོན་དང་རང་དོན་གཞི་གཅིག་ཏུ་གྲུབ་པའི་དངོས་དོན་ལས་འཕྲོས་པའི་ཐག་གཅོད་གཙང་མ་ཞིག་ཡོང་འོས་མིན་ལ་ཐུག་ཡོད།
དྲང་མོར་བཤད་ན། བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པས་ཚན་རིག་གི་སེམས་ཁམས་ཞིབ་འཇུག་ཐད་ལག་རྗེས་བཞག་དང་འཇོག་གིན་ཡོད་མོད། དེ་ནི་ཚན་རིག་པ་སྟེ་མི་འབོར་ཉུང་ཤས་ཤིག་གི་ནང་དུ་མ་གཏོགས་ངོས་ཟིན་དང་ཤུགས་རྐྱེན་ཐེབས་ཐུབ་ཀྱི་མེད་ལ། ཤུགས་རྐྱེན་དེའང་གོམ་པ་རིམ་བགྲོད་ཀྱི་ལམ་ནས་ཐེབས་ཀྱིན་པ་ཞིག་ཡིན་ཞིང་། བོད་ཀྱི་ཁོར་ཡུག་གིས་བསྐྱེད་པའི་འཇིག་དངངས་དེ་ལས་ལྡོག་ནས་མི་རེ་ངོ་རེ་དང་རྒྱལ་ཁབ་རེ་རེ་ཡི་མ་འོངས་པར་འབྲེལ་བ་ཆགས་ཀྱི་ཡོད་པས། དེ་དོན་ལ་དོ་སྣང་མི་སྤྲོད་རང་སྤྲོད་ཅིག་ཆགས་ཀྱི་ཡོད།
བོད་དོན་བསྐྱར་ཞིབ་ཀྱི་རིམ་པ་དེ་བཞིན་ཐེངས་རྗེས་མའི་བརྗོད་གཞིའི་ནང་གླེང་སློང་བྱེད་རྩིས་ཡིན་ཞིང་། ཐེངས་འདིར་ཚང་མས་བོད་དོན་བསྐྱར་གླེང་སྒང་བགྲོ་གླེང་དང་དགོངས་ཚུལ་ཤུགས་ཆེར་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན།

བོད་དོན་བསྐྱར་ཞིབ།
དེང་སྐབས་བོད་དོན་རིམ་པ་གང་འདྲ་ཞིག་ལ་སླེབས་ཡོད་དམ་ཞེ་ན། གནད་དོན་འདི་ཕྱོགས་གཉིས་ཀྱི་ངོས་ནས་ལྟ་དགོས་པར་འདོད་ཅིང་། དེ་ནི་ངྷ་རམ་སཱ་ལ་དང་ངྷ་སའི་ཕྱོགས་འགལ་ཚོགས་པ་གཉིས་ཀྱི་འཐབ་རྩོད་ཁ་ཕྱོགས་རེད།  སྔ་མ་དེ་བཞིན་རང་བཙན་འཐབ་རྩོད་ཀྱི་རིམ་པ་ནས་ཆེས་མཐོ་རང་སྐྱོང་བརྩོན་ལེན་གྱི་རིམ་པ། ཆེས་མཐོ་རང་སྐྱོང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་གི༼ བོད་ཁུལ་རང་སྐྱོང་གི་དགོས་འདུན༽བར་བརྒྱུད་ཡོད་ལ། དེ་ནི་མཐའ་གཅིག་ཏུ་ལྷུང་བའི་ལམ་ཞིག་ཏུ་གྱུར་ཡོད་ཅེས་བཤད་ཆོག

ཕྱི་མ་དེ་བཞིན༼ཁ་བཤད་རང་བཙན་ནས་ཡིག་ཐོག་རང་བཙན༽གྱི་རིམ་པར་སྤོ་བསྐྱོད་བྱས་ཡོད་པར་ཐེངས་རྗེས་མའི་བརྗོད་གཞིའི་ནང་གྲོས་བསྡུར་དང་དབྱེ་ཞིབ་བྱེད་རྩིས་ཡིན།

ངྷ་རམ་སཱ་ལའི་འཐབ་རྩོད་བྱེད་ཐབས་འདི་རིགས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་བར་འབྲེལ་ལམ་བྱུང་བའི་སྔ་རྗེས་གཉིས་ནས་རིམ་འགྱུར་བྱུང་བ་ཞིག་ཡིན་པའི་ཁར། ཕྱི་མ་དེ་བཞིན་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་སྟངས་འཛིན་འོག་བྱུང་བ་ཞིག་ཀྱང་རེད་ལ། དམིགས་འབེན་ནི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཁོ་ནའི་སྒང་གཏད་ཡོད་ཅེས་པར་གནས་ལུགས་གང་ལ་གང་འཚམས་མེད་པ་ཞིག་མ་ཡིན་ནའང་།
༼དགོས་འདུན༽ནི་དགོས་འདུན་རང་རེད་མ་གཏོགས་ད་དུང་ཐག་གཅོད་བྱུང་མེད་པ་དང་ཐག་གཅོད་བྱུང་མེད་པའི་དགོས་འདུན་ལ་འོས་འགན་ཁུར་བའམ། ཁས་ལེན་གང་ཡང་རུང་བ་ཞིག་བྱེད་དགོས་པའི་འགྲོ་སྲོལ་ཞིག་དེང་གི་བར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ནང་བྱུང་མྱོང་མེད་ལ། དགོས་འདུན་ལ་ཐག་གཅོད་བྱུང་བའི་ཕྱི་ཉིན་ནས་ད་གཟོད་འཁུར་དགོས་པའི་འོས་འགན་ཆ་ཚང་ཐེག་མིན་ལ་མ་ལྟོས་པར་དང་ལེན་བྱེད་དགོས་ཀྱི་ཡོད།
ཡིན་ནའང་།  ༼བོད་ཁུལ་རང་སྐྱོང་གི་དགོས་འདུན༽ཐག་གཅོད་ཕར་ཞོག་གྲོས་གཞི་ཙམ་ལའང་ངོས་ལེན་མ་ཐོབ་པའི་ཡར་སྔོན་ནས་ངྷ་རམ་སཱ་ལ་ནས་པེ་ཅིན་ལ༼དབུས་སྲིད་གཞུང༽ཞེས་འབོད་འགོ་བརྩམས་པ་དང་རིམ་བཞིན༼བོད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་ཡིན༽པར་ངོས་ལེན་ཤོར་བར་མ་ཟད། དེང་སྐབས་ཐ་ན་བཙན་བྱོལ་བོད་གཞུང་ཡང༼ཡུལ་གྱར་སྒྲིག་འཛུགས༽ཞེས་པ་ཞིག་རྒྱ་ཡིག་ནང་འགོད་འགོས་པའི་བཀའ་ཁྲིའི་བཀའ་ཁྱབ་ཕྱི་རྒྱལ་གྱི་དོན་གཅོད་ཁག་ལ་འབྱོར་ཡོད་ཚོད་རེད།  དོན་ལ་ངྷ་རམ་སཱ་ལའི་ངོས་ནས༼ཡུལ་གྱར་སྒྲིག་འཛུགས༽དང་དབྱིན་ཡིག་ནང་དེང་བཀོལ་བཞིན་པའི༼ཏཱ་ལའི་བླ་མའི་བོད་མིའི་དབུས་འཛིན་སྐྱོང་ངམ་སྲིད་གཞུང༽(Central Tibetan Administration of His Holiness the Dalai Lama)གཉིས་དོ་མཉམ་མམ་ཆ་མཉམ་དུ་མཐོང་གི་ཡོད་ནའང་། དབྱིན་ཡིག་ནང་གི༼ Administration ༽ལ་འཛིན་སྐྱོང་དང་སྲིད་གཞུང་གཉིས་ཐད་ནས་གོ་བ་ལེན་ཆོག་པ་དང་། དཔེར་ན། ༼ the Obama administration ༽ཞེས་གླེང་སྐབས་རྒྱ་ཡིག་ནང༼ཨོ་བྷ་མའི་སྲིད་གཞུང༽ཞེས་དུས་རྒྱུན་བསྒྱུར་གྱི་ཡོད།  རྒྱ་ཡིག་གི་སྒང་ནས༼ཡུལ་གྱར་སྒྲིག་འཛུགས༽ཞེས་འབྲི་སྐབས་ཐད་ཀར༼ཏཱ་ལའི་རུ་ཚོགས༽ཞེས་པ་རྣམ་པ་འགྱུར་བའི་ལམ་ནས་ངོས་ལེན་བྱས་པར་གོ་ཡོང་བར་མ་ཟད། རྒྱ་ནག་མི་དམངས་ཁྲོད་དེང་གི་བར་ཤུགས་ཆེར་ཁྱབ་པའི༼ཏཱ་ལའི་རུ་ཚོགས༽ཀྱིས་གུ་ཡངས་གཏོང་བར་བཟོད་གསོལ་ཞུས་པ་ལྟ་བུའི་དོན་དག་ཅིག་རང་གིར་དུ་ཐོན་ཡོད་ལ། དེར་བརྟེན་ནས་པེ་ཅིན་གཞུང་གིས་མང་ཚོགས་ཁྲོད་རང་ཉིད་བདེན་པ་སྨྲ་མཁན་ཡིན་པར་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། དེ་ཕྱོགས་གཅིག་རེད།

ཕྱོགས་གཞན་ཞིག་ནས་བཤད་ན། དེ་ལྟར་བོད་དོན་ཐག་གཅོད་མ་བྱུང་བའི་ཡར་སྔོན་ནས་ཐ་དག་ལ་ངོས་ལེན་ཤོར་བ་ཡིན་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཙོས་ཁྲིམས་སྲོལ་ཐ་དག་ལ་བརྩི་སྲུང་བྱེད་པའི་འོས་འགན་ཡོད་པར་མ་ཟད། དེ་ལས་འགལ་ན་ཉེས་པ་ཁུར་དགོས་པ་བཤད་མ་དགོས་པ་ཞིག་རེད་ལ། ལོ་ངོ་ལྔ་བཅུའི་རིང་གི་བྱེད་བབ་ཐ་དག་ནག་ཉེས་མི་འགྱུར་བའི་ངེས་པ་དེ་ལས་ཀྱང་མེད། ༼འདས་ཟིན་པ་དག་མི་གླེང༽ཞེས་པའི་པེི་ཅིན་གྱི་སྲིད་བྱུས་དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་ལ་ཁྱབ་ཐུབ་ཀྱི་ཡོད་སྲིད་མོད། བཙན་བྱོལ་བ་ཚང་མར་ཁྱབ་པའི་ངེས་པ་མེད་པ་དང་དུས་བབ་ལ་བསྟུན་ནས་ཁྲིམས་ལས་བྱེད་ཆོག་པའི་སྔོན་འགྲོ་ལྟ་བུར་གྱུར་ཡོད། དཔེར་ན། ༼ ༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ། ༽ ནང་བཀོད་དོན། ༼ བོད་ས་གནས་སྲིད་གཞུང་གི་བཀའ་བློན་མང་ཆེ་བ་དང་གོང་རིམ་ལོག་སྤྱོད་ཕྱོགས་ཁག་གིས་བཙན་རྒྱལ་རིང་ལུགས་པ་དང་ངན་པ་ལག་འབྲེལ་ཐོག   ངོ་ལོག་པའི་ཇག་པ་བསྡུ་རུབ་བྱས་ནས་ཟིང་འཁྲུག་བསླང་ཏེ།   བོད་མི་དམངས་ལ་གནོད་འཚེ་དང་ཏཱ་ལའི་བླ་མ་འཕྲོག་པ་བཅས་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་བརྩི་མེད་དུ་བཏང་བ་དང་འབྲེལ།   ཟླ་བ ༣པའི་ཚེས ༡༩མཚན་མོར་བོད་ས་གནས་ཀྱི་དམག་དཔུང་དང་ཟིང་སློང་མཁན་རྣམས་ལ་བཀོད་ཇུས་བཏང་སྟེ།  བོད་སྡོད་མི་དམངས་བཅིངས་འགྲོལ་དམག་ལ་ཕྱོགས་མཐའ་དག་ནས་ཚུར་རྒོལ་བྱས་འདུག    དེ་འདྲའི་མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ་དང་།  རྒྱལ་ཁབ་ཀྱི་གཅིག་གྱུར་གཏོར་བཤིག་གཏོང་བའི་བྱ་སྤྱོད་དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་ཡན་པོར་གཏོང་ཐབས་མེད་པ་ཞིག་རེད།  རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བོད་དམག་ཁུལ་ཁང་ལ་ངོ་ལོག་གི་ཟིང་འཁྲུག་ཞི་འཇགས་མཐིལ་ཕྱིན་པར་གཏོང་དགོས་པའི་ལས་འགན་སྤྲོད་རྒྱུ་ཕུད།  དེ་རིང་ནས་བཟུང་བོད་ས་གནས་སྲིད་གཞུང་མི་དགོས་པ་བྱས་ཏེ།  བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་ལག་ལེན་བསྟར་དགོས་རྒྱུ་ཆེད་དུ་གཏན་འབེབས་བྱས་པ་ཡིན།  ༽(ཡོང་ཁུངས། 《བོད་དུ་ངོ་ལོག་ཟིང་འཁྲུག་བྱུང་བའི་སྐོར་གྱི་ཡིག་ཆ》/མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཏེ་ཞུས་དག་དང་བཅས་པེ་ཅིན་དུ་༡༩༥༩ལོའི་ཟླ༤པར་དཔར་དུ་བསྐྲུན་པ)
༼ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་ཏང་གི་འགོ་ཁྲིད་འོག   རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར།   ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་དོན་དག་དང་།   དཔལ་འབྱོར་དང་རིག་གནས་ལས་དོན།   སྤྱི་ཚོགས་ལས་དོན་བཅས་ལ་དོ་དམ་བྱས་ནས།   རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཚང་མ་ཁྲིམས་ལྟར་བསྒྲུབ་པར་ཁག་ཐེག་བྱེད་པ་དང་།   སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ལམ་ལུགས་དང་བཅའ་ཁྲིམས་ཅན་དུ་རིམ་བཞིན་མངོན་འགྱུར་བྱས་ཐོག  ལམ་ལུགས་དང་བཅའ་ཁྲིམས་དེ་འགོ་ཁྲིད་པ་འགྱུར་ལྡོག་བྱུང་བར་བསྟུན་ནས་མི་འགྱུར་བ་དང་།འགོ་ཁྲིད་པའི་ལྟ་ཚུལ་དང་བློ་རྩེ་འགྱུར་བར་བསྟུན་ནས་མི་འགྱུར་བར་བྱེད་དགོས།༽(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འགྲེལ་བ།)
གོང་གི་བྱེད་བབ་འདི་བཞིན་ཉུང་མཐར་ཉེན་ཁ་རང་བཞིན་གྱི་ཤུགས་རྐྱེན་གཉིས་དང་མཇུག་འབྲས་གཅིག་བསྐྱེད་སྲིད་པར་ལྟ་ཆོག་གི་ཡོད།

གཅིག  ངྷ་རམ་ས་ལ་རིམ་བཞིན་གཞིས་བྱེས་བོད་མིའི་ངོ་ཚབ་ནས་བྱེས་སྡོད་བོད་མི་གཅིག་པུའི་ངོ་ཚབ་སྒང་ཡིག་ངག་གཉིས་ཀྱི་ཐོག་ནས་འཕོ་འགྱུར་བྱུང་ཡོད་པས། བོད་མིའི་འདོད་མིན་ལས་བརྒལ་ནས་དེང་ཕྱིན་ཁྲིམས་ཐོག་ཏུ་བོད་ཀྱི་ངོ་ཚབ་མིན་པའི་སྒྲུབ་བྱེད་ཡན་གར་བ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཕྱི་ལོ ༢༠༠༡ལོ་ནས་དེང་གི་བར་ལག་བསྟར་གནང་བཞིན་པའི་ཐད་འདེམས་བཀའ་ཁྲིའི་ནུས་པའང་བྱེས་སྡོད་བོད་མིའི་དབུ་ཁྲིད་ཙམ་ལས་ཁྱབ་ཐུབ་ཀྱི་མེད་པ་དང་། དེ་ལྟར༼ཏཱ་ལའི་བླ་མ་གྲོངས་རྗེས་བོད་དོན་མཇུག་གྲིལ་བ༽ཞེས་པའི་བརྗོད་གཞི་དེར་རམ་འདེགས་རང་བཞིན་དུ་གྱུར་ཡོད་ལ། གཞན་མ་ཡིན་པར་གཙོ་བོ་ངྷ་ས་རང་ངོས་ནས་དེ་ལྟར་ནུས་པ་ཐོན་རྒྱུ་མེད་པའི་ལམ་ནང་བཅུག་ཟིན་པར་ཐུག་ཡོད།
གཉིས། རྒྱ་གར་ལ་མཚོན་ན། ཡོངས་གྲགས་སུ་ངོས་ལེན་ཐུབ་ཀྱི་ཡོད་མེད་གང་ལྟར་ཡང་བཙན་བྱོལ་བོད་གཞུང་དེ་བཞིན་རྒྱལ་བ་རིན་པོ་ཆེ་བཞུགས་མིན་ལ་མ་ལྟོས་པར་བོད་མིའི་ངོ་ཚབ་བྱེད་ཐུབ་དགོས་ཀྱི་ཡོད་ལ། དེའང་བོད་ལ་ཤ་ཚ་ཆེ་བའི་དོན་མ་ཡིན་པར༼སུམ་ལའི་ཆིངས་ཡིག༽ལས་རྒྱུན་བསྲིངས་པའི་རང་ཉིད་ཀྱི་རྒྱལ་ཁོངས་འཐུས་ཚང་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་སྟབས། བོད་ཀྱི་ངོ་ཚབ་ཐུབ་མཁན་ཞིག་ལ་གཞོགས་འདེགས་བྱེད་སྲིད་པ་ལས་བོད་མིའི་ངོ་ཚབ་བྱེད་མི་ཐུབ་པའི་ཚོགས་སྐྱིད་གང་ལའང་མཐུན་འགྱུར་སྤྲོད་འོས་ཆགས་མེད་པའི་ཁར། རྒྱལ་ཁབ་བདེ་འཇགས་ཐད་ཉེན་ཁ་རང་བཞིན་གྱི་བྱ་སྤྱོད་ཐ་དག་གཏན་འགོག་བྱེད་མི་སྲིད་པའང་མིན། དཔེར་ན། རྒྱལ་བ་རིན་པོ་ཆེ་དུས་མིན་ཞི་དབྱིངས་སུ་འཐིམས་ཚུལ་བསྟན་པ་ལྟ་བུའི་མཚོན་གྱི་ཡོད།
གལ་སྲིད་ཤུགས་རྐྱེན་སྔ་མའི་ཉེར་ལེན་ལ་བརྟེན་ནས་ཕྱི་མ་དེ་བཞིན་མངོན་འགྱུར་བྱུང་བ་ཡིན་ན། རྒྱའི་སྲིད་དོན་འཐབ་རྩོད་རིག་པའི་ངོས་ནས་དོན་རྐྱེན་འདི་རིགས་ལ༼གྲི་གཡར་ནས་མི་གསོད་པ་དང་མདའ་མོ་གཅིག་གིས་ཤྭ་ཕོ་གཉིས་གསོད་པ༽ཞེས་ཐབས་རྩལ་དཔེ་ཡི་ལམ་ནས་འགྲེལ་བཞིན་པ་ཞིག་ཡིན་སྟབས། པེ་ཅིན་སྲིད་གཞུང་གིས་ཤུགས་རྐྱེན་ཕྱི་མར་ཁ་གཡར་ནས་རྒྱ་དཀར་ནག་བར་དམག་འཁྲུག་སློང་སྲིད་པར་མ་ཟད། རྒྱལ་ཁབ་གཞན་སུ་ལའང་བར་འཚང་རྒྱག་ས་མེད་པ་བཟོས་ནས་ཤར་རྒྱག་ཏུ༼སུམ་ལའི་ཆིངས་ཡིག༽ལས་རྒྱུན་བསྲིངས་པའི་རྒྱ་གར་གྱི་མཁའ་ཁོངས་ཆ་ཚང་ཕར་ལེན་དང་རྒྱལ་བ་རིན་པོ་ཆེ་ཡང་སྲིད་ཁྲི་འདོན་རྒྱལ་མཚན་ནོར་བུར་གཙོ་སྐྱོང་བྱེད་དུ་འཇུག་ངེས་ཡིན།

དེ་བས། བོད་དོན་བསྐྱར་འཇུག་གི་རིམ་པ་ཞིག་ལ་བསམ་བློ་གཏོང་དགོས་པའང་དུས་བབ་ཀྱིས་ཐག་བཅད་ཡོད་པ་ཞིག་ལས་མ་འདས་པས། ཐེངས་རྗེས་མའི་ནང་མཉམ་རུབ་གྲུབ་དོན་ཞིག་ལ་ཧུར་ཐག་བྱེད་འོས་ཤིང་། བོད་མིས་མཉམ་རུབ་ཐད་ཀྱི་སློབ་སྦྱོང་འགོ་འཛུགས་བྱེད་རྒྱུ་འཕྱིས་མེད་ནའང་སྔ་མེད་ཅེས་བཤད་ཆོག

བོད་དོན་བསྐྱར་བསྡུར།
བོད་དོན་གྱི་གོ་དོན་དང་བསྐྱར་ཞིབ་རོབ་ཙམ་གྲུབ་རྗེས། ཡང་བསྐྱར་མངོན་འགྱུར་ཡོང་ཐབས་དང་འབྲེལ་བའི་དོན་དག་འགའི་སྒང་དཔྱད་བསྡུར་བྱེད་འོས་མཐོང་ཞིང་། དེང་གི་ཆར་ངྷ་རམ་སཱ་ལ་ནས་བོད་དོན་མངོན་འགྱུར་ཡོང་ཐབས་གཙོ་བོར<<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>> སྒྲོམ་གཞིའི་འོག་ནས་བོད་དོན་སེལ་རྒྱུའི་གྲོས་འཆར་ཞིག་བཏོན་འདུག་པས། ཕྲན་གྱིས“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར”དང་དེའི་གསལ་བཤད་གཉིས་སྤོམ་ཀློག་བྱེད་རྒྱུ་བྱུང་ཞིང་། དེ་ནི“གྲོས་མཐུན་དོན་ཚན་བཅུ་བདུན”ཟེར་བར་བསྡུར་ན་ཚད་གཞི་ཧ་ཅང་གི་དམའ་མོ་ཡིན་པར་མ་ཟད། གྲོས་འཆར་དེའི་སྒང་ན“བོད་རིགས་ཡོངས”ཞེས་པ་དེ་མ་གཏོགས་ཁྱད་ཆོས་གཞན་ཅི་ཡང་མཐོང་ཐུབ་ཀྱི་མི་འདུག་པར་མ་ཟད།  ད་དུང་རྩ་ཁྲིམས་ལ་འཇུ་སྟངས་སམ་ལུང་འདྲེན་བྱེད་སྟངས་ཀྱང་ནོར་འདུག

༡ <<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>བཀོད་པའི“མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞི”དག་དེང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་དུ་ལག་བསྟར་བྱེད་ཀྱིན་པའི“རང་སྐྱོང་ལྗོངས”དང“རང་སྐྱོང་ཁུལ”  “རང་སྐྱོང་རྫོང” “བོད་རིགས་ཤང”སོགས་ཀྱི་དངོས་ཡོད་གནས་སྟངས་ཡིན་ལ། དེ་ལ་ལེགས་བཅོས་གཏོང་དགོས་ཐུག་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ལ་ནོར་འཁྲུལ་བྱུང་ཡོད་པ་བརྒྱུད་ནས་ངོས་ལེན་བྱས་པ་དང་གཅིག་མཚུངས་ཡིན་པས། འཛམ་གླིང་འདིར་ནོར་འཁྲུལ་ཕྲ་མོ་ཙམ་ཡང་མེད་པའམ་ངོས་ལེན་བྱེད་མི་སྲིད་པ་ནི་དམར་ཤོག་གི་གཞུང་རྣམས་ཡིན་པ་ཚང་མས་ཤེས་གསལ་ལྟར་ཡིན།

༢ “བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར”དེ་བཞིན<<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>བཀོད་པའི“མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞི” ཁག་གི་འགྲེལ་བཤད་ལྟ་བུར་གྱུར་འདུག་པས། <<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མ་གཏོགས་སུ་གང་ལའང་རྩ་ཁྲིམས་གཙོས་ཁྲིམས་གཞི་ཁག་ལ་འགྲེལ་བཤད་རྒྱག་པའི་ཐོབ་ཐང་རྩ་བ་ཉིད་ནས་མེད་པ་གཏན་འཁེལ་བྱས་ཡོད་ལ། དེ་ནི་དབང་ཆ་གཅིག་སྡུད་སྲུང་བྱེད་ཀྱི་ལག་ཆ་གཞན་ཞིག་ཡིན།

༣ <<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>གཞིར་བཟུང་ཡོད་པས། “བོད་རིགས་ཡོངས”ལས་ཐད་ཀར“བོད་ཁུལ་རང་སྐྱོང”ཞེས་བརྗོད་པ་ཡིན་ན། “བོད་ཁུལ”ནི་རྒྱ་ཡིག་ནང་བཀོལ་སྤྱོད་ཡུན་རིང་ལ་སོང་ཡོད་པ་ཞིག་ཡིན་པས། དེ་ལ་ཆེ་ཆུང་གི་དབྱེ་བ་འབྱེད་པར་ལམ་ཁ་ལྷག་མེད། བོད་ཁུལ་ནི“རང་སྐྱོང་ལྗོངས”དང“རང་སྐྱོང་ཁུལ”  “རང་སྐྱོང་རྫོང” “བོད་རིགས་ཤང”སོགས་ཀྱི་བསྡུས་མིང་ཡིན་པ<<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>ལས་ཤེས་ཐུབ་ཀྱི་ཡོད།

འོ་ན། <<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>ལ་འཇུ་སྟངས་མེད་དམ་ཞེ་ན། དེའང་མ་རེད། དཔེར་ན། <<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས>>དོན་ཚན ༣༡ནང་བཀོད་དོན། “རྒྱལ་ཁབ་དགོས་ངེས་འཕྲད་སྐབས། དམིགས་བསལ་སྲིད་འཛིན་ས་ཁུལ་འཛུགས་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་ཁྲིམས་ལུགས་ལྟར་དམིགས་བསལ་སྲིད་འཛིན་ས་ཁུལ་ནང་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལམ་སྲོལ་གནས་སྟངས་ལ་གཞིགས་ནས་གཏན་ལ་ཕབ་དགོས།”
དེང་སྐབས་ངྷ་སའི་ངོས་ནས་བོད་དོན་ནི་ཆོས་རིག་སྲུང་སྐྱོབ་ཙམ་ལ་དམིགས་ཡོད་པས། བོད་ཁུལ་དེ་བཞིན་ཆོས་རིག་སྲུང་སྐྱོབ་ཀྱི་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་བསྒྱུར་འོས་པའི་གྲོས་འཆར་གཏན་འཁེལ་དེར་གཞི་བཅོལ་ནས་འདོན་ཆོག་ལ། དེའང་རྩ་ཁྲིམས་ཀྱི་འགྲེལ་བཤད་མ་ཡིན་པར་བོད་གནས་ཀྱི་ཛ་དྲག་རང་བཞིན་བརྗོད་པ་བརྒྱུད་ནས་གཏན་འཁེལ་དེ་བཞིན་ཐག་གཅོད་རྒྱབ་བརྟེན་ལ་ལུང་འདྲེན་བྱས་པ་ཞིག་ཡིན་པས།  ད་གཟོད་པེ་ཅིན་གྱི་ཁྲིམས་འགྲེལ་དབང་ཆར་ཕོག་ཐུག་མི་འགྲོ་བར་པེ་ཅིན་རང་ཉིད་ཀྱིས་གཏན་འཁེལ་བྱས་པའི་ཁྲིམས་ལུགས་རང་ངོས་ནས་བརྩི་སྲུང་བྱེད་ཀྱི་འདུག་གམ་མི་འདུག་ཅེས་པའི་བརྗོད་གཞི་འདིའི་སྒང་འབབ་ཐུབ་ཡོད། སྒོས་སུ་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་གི་རྒྱབ་བསྐྱོར་ཐད་ཀར་གཏན་འཁེལ་འདིའི་སྒང་ལ་ཁ་བསྐོར་ཐུབ་པ་ཡིན་ན་དགེ་མཚན་དེ་ལས་ཆེ་བ་གསལ་བོ་ཡིན།
དེ་ལྟར་འབྲས་བུ་ཐོན་སྲིད་པའི་ངེས་པ་ཡོད་མེད་གང་ལྟར་ཡང་ཉུང་མཐར་འཐབ་རྩལ་གྱི་ཆ་ནས་རྒྱལ་ཁ་ཞིག་མ་ཡིན་པར་བརྗོད་དུ་མེད། ཡིན་ནའང་། ངེས་པར་དུ་ཤེས་དགོས་པ་ནི་གྲོས་འཆར་བཏོན་པ་ཙམ་གྱིས་གྲོས་གཞི་དེ་བཞིན་ལེགས་འགྲུབ་མ་ཡོང་བའི་ཡར་སྔོན་ནས་འོས་འགན་ཁུར་དགོས་དོན་གང་ཡང་མེད་ལ། འོས་འགན་འཁུར་དགོས་མིན་ནི་གྲོས་འཆར་དེ་བཞིན་ཕན་ཚུན་གཉིས་མོལ་གྱི་ལམ་ནས་ཐག་གཅོད་གཙང་མ་ཡོང་ཐུབ་མིན་གྱིས་ཐག་བཅད་ཡོད་པ་ཞིག་ཡིན། དེ་བས། མ་འོངས་པ་གླེང་བ་ནི་འཆར་སྣང་ཞིག་བརྗོད་ཀྱིན་ཡོད་པས། འཆར་སྣང་དེ་བཞིན་མངོན་འགྱུར་བྱུང་མིན་ཡང་ཕྱོགས་གཉིས་ཀར་ཐུག་ཡོད་པ་ཞིག་ཡིན་ཞིང་། རྒྱའི་གཏམ་དཔེར་ཡང“སྤར་མོ་གཅིག་ལ་སྒྲ་མི་གྲགས”ཞེས་མཐའ་བསྡོམས་བཀོད་ཡོད།

ངྷ་སའི་ཕྱོགས་འགལ་ཚོགས་པར་མཚོན་ན། གློ་མོན་ཐང་གི་བཙན་རྒོལ་རང་བཙན་ནས་བཙན་བྱོལ་ལུང་བའི་ངག་ཐོག་རང་བཙན་གྱི་གནས་སྟངས་ལ་སྤྱི་བསྡོམས་བརྒྱུད་ནས་དེང་ཡིག་ཐོག་རང་བཙན་གྱི་རིམ་པའམ་རྩ་འཛིན་འཆར་ཟིན་ཅན་ལ་སྤོ་བསྐྱོད་བྱས་ཡོད་ཅིང་། དེ་ནི་མེད་པ་ནས་ཡོད་པའི་གོམ་སྟབས་གལ་ཆེ་ཤོས་ཤིག་སྟེ།  “བོད་རང་བཙན་སྐྱ་ཐིག་དོན་ཚན་བཅོ་ལྔ” ནས“རང་བཙན་་་་བོད་ཀྱི་གནད་དོན”གྱི་བར་རེད། སྒོས་སུ་ཕྱི་མའི་ནང་བོད་མི་རིགས་ཀྱིས་བརླགས་ཟིན་པའི་རང་གི་སྣོད་བཅུད་གཉིས་ཀྱི་ངོ་རྟགས་གང་ཡིན་པ་དང་། དེ་ཉིད་འཚོལ་སྒྲུབ་བྱེད་པ་ལ་དུས་རབས་ཀྱི་འགྲོས་དང་མཐུན་པའི་བྱེད་ཐབས་གང་དང་ཅི་འཚོལ་དགོས་པ་དང་། མིག་དཔེར་སུ་དང་གང་ཡོད་པ་གསལ་འདོན་བྱས་འདུག་ཁར། ད་དུང་མི་སེར་སྤེལ་བའི་རིང་ལུགས་འོག་ལྷག་པའི་ང་ཚོ་བོད་མི་རིགས་ལ་མཚོན་ན། མི་རིགས་ཀྱི་ལ་རྒྱ་དང་བླ་སྲོག་མ་དོར་བ་ཡིན་ན་དུས་ནམ་ཞིག་རླབས་ཆེན་གྱི་བྱ་བཞག་གང་ཡང་འགྲུབ་ཐུབ་པའི་གདེངས་སྤོབས་ཡོད་ངེས་པ་མཐའ་རྒྱན་དུ་སྤྲས་ཏེ་བྲིས་འདུག འོན་ཀྱང་། ཞི་བའི་ལས་འགུལ་ཡིན་པ་གང་ཞིག་ལ་འཇུ་ས་གཙོ་བོ་གཅིག་ཡོད་ཅིང་། དེ་ནི་རྒྱལ་སྤྱིའི་སྒང་ཡོངས་གྲགས་ལ་ངོས་ལེན་ཡོད་པའི་ཁྲིམས་སྲོལ་ཁག་ཡིན།

ངྷ་རམ་སཱ་ལ་དང་ངྷ་རམ་སཱ་ལའི་ཕྱོགས་འགལ་ཚོགས་པ་གང་ཡིན་ནའང་། “རང་ཐག་རང་གཅོད”ཀྱི་ཐོབ་ཐང་དེ་བཞིན་ངེས་པར་དུ་དམ་འཛིན་བྱེད་འོས་པའི་ཁོངས་སུ་བརྗོད་ཆོག་པར་ཐེ་ཚོམ་མེད།  ན་ནིང་ཡུ་རོབ་ནང“བོད་རྒྱའི་འདུ་འཛོམས”གནང་སྐབས། རྒྱ་ནག་གི་ཁྲིམས་དོན་མཁས་དབང་ཡཱན་ཧོང་བྷེན་ལགས་ཀྱིས“རྒྱ་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ན། བོད་མི་རིགས་ལའང་ངེས་པར་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་ཀྱི་འདུག”ཅེས་ནན་བརྗོད་ཀྱིས་ཤུགས་བརྒྱབ་ཡོད་ནའང་། རྒྱ་ནག་པ་གཞན་ཚོས“བོད་མི་ཚོས་ཚུར་ལ་རང་ཐག་རང་གཅོད་དགོས་ཞེས་གླེང་གི་མེད་དུས། ང་ཚོ་རྒྱ་མིའི་ངོས་ནས་ཁྱོད་ཚོར་རང་ཐག་རང་གཅོད་ཨེ་དགོས་ཞེས་གླེང་མི་རུང་ཞིང་། དེ་ལྟར་གླེང་ན་རྒྱ་ནག་གི་ལོ་རྒྱུས་སྒང་གི་ནག་ཉེས་ཅན་དུ་འགྱུར་ཉེན་འདུག” ཅེས་མཐའ་མའི་གསལ་བསྒྲགས་ནང“རང་ཐག་རང་གཅོད”འགོད་ཐུབ་མི་འདུག

དོན་ལ“རང་ཐག་རང་གཅོད”ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ངོས་ལེན་ཡོད་པའི་ཐོབ་ཐང་ཞིག་ཡིན་པར་མ་ཟད། “རང་ཐག་རང་གཅོད་ཀྱི་ཐོབ་ཐང”དོན་ཚན་དང་པོར་བཀོད་པའི་རྒྱལ་སྤྱིའི་ཡིག་ཆ“རྒྱལ་སྤྱིའི་སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་སྤྱི་ཆིངས”(the International Covenant on Civil and Political Rights (ICCPR)) དང“རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་ཁེ་དབང་སྤྱི་ཆིངས”(the International Covenant on Economic, Social and Cultural Rights (ICESCR))གཉིས་ལ་རྒྱ་དམར་གཞུང་གིས་ཕྱི་ལོ ༡༩༩༨ལོའི་ཟླ ༡༠ཚེས ༥ཉིན་མིང་རྟགས(signature)བཀོད་ཡོད་པའི་ཁར། ཕྱི་ལོ ༢༠༠༡ལོའི་ཟླ ༢ཚེས ༢༨ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཐེངས ༡༡སྟེང“རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་ཁེ་དབང་སྤྱི་ཆིངས”རྒྱལ་ནང་དུ་དངོས་སུ་ལག་བསྟར་བྱེད་པའི་ཆོག་མཆན(ratification)སྤྲད་འདུག

དེ་བས། སྤྱི་ཆིངས་སྔ་མར་ཆོག་མཆན་འགོད་རྒྱུ་དང་ཕྱི་མ་ལག་བསྟར་ཏན་ཏིག་བྱེད་པའི་འོས་འགན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་བཞིན་དུ་དེ་རུ་གསལ་བའི་ཐོབ་ཐང་ལེན་མ་ཤེས་པ་ཡིན་ན། ལྐུགས་པའི་གྲས་སུ་འཇོག་གི་རེད་མ་གཏོགས་སྤྱང་པོའི་གྲས་སུ་འཇོག་སྲིད་ཀྱི་མ་རེད་ལ། བྱམས་དང་སྙིང་བརྗེ་ཡི་ཁོངས་སུ་དེ་བས་ཀྱང་འདུ་ཐབས་མེད་པ་དང་།  གཞན་ཕན་གྱི་འགོག་རྐྱེན་ཡ་ང་བ་ཞིག་ཏུ་གྱུར་མེད་ཅེས་སུས་ཀྱང་བརྗོད་མི་ཐུབ། དཔེར་ན། གྲངས་ཉུང་མི་རིགས་ཕར་ཞོག་རྒྱ་ནག་པ་དུང་ཕྱུར་མང་བོས་ཀྱང་ཐོབ་ཐང་དེ་རིགས་བརྩོན་ལེན་བྱེད་ཀྱིན་པའི་སྒང་ཡིན།

རྒྱལ་སྤྱིའི་སྤྱི་ཆིངས་འདི་གཉིས་ཀྱི་བྱུང་བའི་ཆ་ནས་ཀྱང“རྒྱལ་སྤྱིའི་སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་སྤྱི་ཆིངས”ནི་ཨ་རི་གཙོར་གྱུར་བའི་མ་རྩ་རིང་ལུགས་དཔུང་ཁག་གི་ལྟ་གྲུབ་ཡི་གེར་བཀོད་ནས“སྤྱི་ཆིངས” ལ་འཕོ་བསྐྱོད་བྱས་པ་ཞིག་ཡིན་ཞིང་། “རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས་ཁེ་དབང་སྤྱི་ཆིངས”ནི་རཱ་ཤི་ཡ་དམར་བོའི་གཞུང་གཙོར་གྱུར་བའི་སྤྱི་ཚོགས་རིང་ལུགས་དཔུང་ཁག་གི་ལྟ་གྲུབ་ཡི་གེར་བཀོད་ནས“སྤྱི་ཆིངས”ལ་གྱུར་བ་ཞིག་རེད།  ཕྱི་ལོ ༢༠༠༩ལོའི་བར་ཆིངས་ཡིག་འདི་གཉིས་ལ་མིང་རྟགས་བཀོད་ཟིན་པའི་རྒྱལ་ཁབ ༡༥༤འདུག འཛམ་གླིང་རྒྱལ་ཁབ་སྤྱིའི་བཞི་ཆའི་གསུམ་ཟིན་ཡོད།  “སྤྱི་ཆིངས”འདི་གཉིས་ཀྱི་གང་ཡིན་ནའང“རང་ཐག་རང་གཅོད”ངོས་ལེན་བྱས་ཡོད་པའི་ཁར། ཕྱི་མ་འདི་བཞིན་ལམ་ལུགས་གཉིས་ཀྱི་ནང་དུ་ངོས་ལེན་ཡོད་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཀྱང་ཡིན་པས། “གཉིས་ཕན”བསྐྲུན་སྟངས་ཀྱི་ཐབས་ལམ་མ་འདྲ་བ་ཞིག་ཅིས་མ་ཡིན།

བོད་མིའི་ཁྲོད་བོད་དོན་གྱི་དམིགས་བྱར་ཧེ་བག་ཅུང་ཡོད་ནའང་། ཧེ་བག་དེ་བཞིན་གཅིག་གྲོགས་གཅིག་ཕན་དུ་འགྲོ་བཞིན་པར་མ་ཟད། རང་བཙན་ལྟ་བའི་འོག་གི་ལས་འགུལ་གྱིས་རང་སྐྱོང་གདམ་གར་གཞོགས་འདེགས་དང་ལེགས་འགྲུབ་ཐད་བསྐུལ་འདེད་བྱེད་ཐུབ་ཀྱི་ཡོད། དཔེར་ན། དེང་སྐབས་རྒྱལ་བ་རིན་པོ་ཆེར་འབྱོར་བཞིན་པའི་རྒྱ་ཡིག་གི་འཐབ་ཇུས་རང་བཞིན་ལྡན་པའི་དྲི་བ་ཁག་ཏུའང་བོད་དོན་དེ་བཞིན་ཁྱེད་ཉིད་སྐུ་བཞུགས་ཐོག་ཐག་གཅོད་བྱེད་ཐུབ་རྒྱུ་མ་རེད་ཅེས་ནན་བརྗོད་ཀྱིས་སེམས་འཚབ་སློང་བ་དང་འབྲེལ་གཞོན་ནུ་ཚོགས་པ་སོགས་ཀྱིས་མ་འོངས་པར་དྲག་པོའི་ལས་ཀ་བྱེད་སྲིད་དམ་ཞེས་དེ་ལ་འབྱུང་འགྱུར་ཁ་གཏད་གཅོག་ཐབས་ཀྱི་དྲིས་ལན་བཙལ་བཞིན་པ་ལྟ་བུ་ཡིན།  ད་དུང་རྒྱ་ནག་ནང་སངས་རྒྱས་ཆོས་ལུགས་ལ་དད་མཁན་དུང་ཕྱུར་མང་བོ་ཡོད་ཚུལ་དང་རྒྱ་དམར་མཐོ་རིམ་དཔོན་རིགས་ཚོར་སྐད་འཕྲོད་ཐུབ་ཀྱི་ཡོད་ཟེར་མཁན་དག་ནི་བོད་མི་ནང་ཁུལ་གྱི་ལྟ་བ་མི་མཐུན་མཁན་ཚོ་ལས་ཞེད་
ས་གཙོ་བོ་དེ་ཡིན་པ་ནི་ས་རིས་ཐང་གསལ་ཡིན།

དེང་གི་ཆར་བོད་ཕྱི་ནང་གཉིས་སུ་བོད་དོན་འགྲུབ་ཐབས་གཙོ་བོ་ཞི་བའི་ལས་འགུལ་ལ་བརྟེན་འོས་ཚུལ་གཅིག་མཚུངས་སུ་ལྟ་བཞིན་པ་ཞིག་རེད། དེའང་དོན་དག་གསུམ་ལ་ཐུག་ཡོད་པར་སྣང་སྟེ། ༡ ཕྱི་ནས་རྒྱལ་བ་རིན་པོ་ཆེ་ཡི་ཞི་བའི་ལྟ་གྲུབ་ཀྱི་ཤུགས་རྐྱེན་དང་། ༢ བོད་ནང་དུ་སྐུ་ཞབས་ཞོགས་དུང་གིས་བརྩམས་པའི༼གནམ་ས་གོ་འབྱེད༽ཀྱི་
ཤུགས་རྐྱེན་དང་། ༣ བོད་མི་ཚོས་རྩིས་བརྒྱབ་པ་ལྟར་ན། སྤྱིའི་ཆ་ནས་དེང་སྐབས་བོད་མི་གཅིག་གིས་ཧ་ལམ་རྒྱ་མི ༢༣༤ལ་ཁ་གཏད་གཅོག་དགོས་པས། སྟོབས་ཤུགས་ཀྱི་ཆ་ནས་འགྲན་ཡ་ཁག་པོ་ཆགས་ཡོད།
ཞི་བའི་ལས་འགུལ་དེ་བཞིན་ཁྲིམས་ལྟར་ཐག་གཅོད་ཡོང་ཐབས་ལ་ཁ་ཕྱོགས་དགོས་པའང་དངོས་ཡོད་གནས་སྟངས་ཀྱིས་ཐག་བཅད་ཡོད་པ་ཞིག་ཡིན་ཞིང་། ཁྲིམས་ཟེར་བ་དེའང་ཁྱོན་ཡོངས་ལ་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་ལ་བསྟུན་གང་ཐུབ་བྱེད་འོས་ཆགས་ཡོད། དེ་ལས་ལྡོག་ན། པེ་ཅིན་གྱི་སྟངས་འཛིན་འོག་གི་ཁྲིམས་ལུགས་ཁག་དགོས་དབང་ལྟར་འགྱུར་བ་སོང་ཆོག་ཆོག་ཅིག་ཡིན་པའང་ཞོར་དུ་ཤེས་དགོས་ཀྱི་ཡོད། དཔེར་ན། ཕྱི་ལོ ༡༩༤༩ལོར་རྒྱ་དམར་གཞུང་གིས་རཱ་ཤི་ཡ་དམར་བོའི་གཞུང་གི་བཀའ་བཞིན་
སྤྱི་ཚོགས་རིང་ལུགས་ཁྱབ་ཁོངས་སུ་ངོས་ལེན་ཡོད་པའི༼རང་ཐག་རང་གཅོད༽ཕྱིར་བསྡུ་བྱས་ཡོད།

ཚད་གཞི་འདིའི་ངོས་ནས་ལྟ་སྐབས། ཤར་ཏིར་ཀི་སི་ཐཱན་གྱི་ལྕམ་རའོ་བྷི་ཡས“རང་ཐག་རང་གཅོད”མ་དོར་བའི་སྲིད་ཇུས་ཤིག་འཛིན་བཞིན་པའང་པེ་ཅིང་ལ་གཏིང་རྒྱུས་ལོན་ཡོད་པའི་དབུ་ཁྲིད་ཅིག་གི་ཐུན་མོང་མ་ཡིན་པའི་བློ་མིག་ལ་ལྟ་ཆོག་པར་འདོད།

ཡང་ཅིག་བཤད་ན། སྔ་རྗེས་ཙམ་མ་གཏོགས་མ་འོངས་པར་བོད་དོན་གྱིས་མཚོན་པའི་མི་རིགས་གནད་དོན་གཙོ་བོ་ཁག་ཐག་གཅོད་ལ་རང་ཐག་རང་གཅོད་བཀོལ་མི་སྲིད་པའང་མིན། དཔེར་ན། མི་རིགས་ས་ཁུལ་གྱི་རྒྱ་རིགས་གྲངས་འབོར་ས་གནས་མི་རིགས་ལས་མང་དུ་སླེབས་སྐབས། གཞི་ནས་ཐོབ་ཐང་འདི་བཀོལ་ནས་མི་རིགས་གནད་དོན་གཙང་སེལ་བྱས་པའི་རྣམ་པ་སྟོན་སྲིད་པས། སྐབས་དེར་ལྕེ་བརྒྱ་ཡོད་ཀྱང་བཤད་ས་དང་ལག་པ་སྟོང་ཡོད་ཀྱང་འཇུ་ས་ལྷག་མེད། དེ་བས། གདམ་ག་འདིར་འཇུ་སྐབས། དུས་ཚོད་དམ་འཛིན་གྱིས་དང་ལྷོད་མེད་པ་བྱེད་འོས།

གཞན་ཞི་བ་དང་འཚེ་མེད་ཞི་བ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད་དེ། “ཞི་བ་དང་འཚེ་མེད་ཞི་བའི་བར་ཁྱད་པར་ཡོད་དམ། མི་མང་པོས་ཚིག་གཉིས་པོ་དེ་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་བྱེད་ཀྱི་འདུག འོན་ཀྱང་ཚིག་འདི་གཉིས་བར་ལ་ཁྱད་པར་ཆེན་པོ་ཡོད། ཞི་བ་ཡིན་ན་འཚེ་བ་མེད་པས་མ་ཁྱབ། འཚེ་བ་མེད་ན་ཞི་བ་ཡིན་པས་མ་ཁྱབ། འོན་ཀྱང་སྐབས་རེ་འཚེ་བ་ཡོད་ཀྱང་ཞི་བ་མིན་པའི་མ་ཁྱབ། ཡང་ན་འཚེ་བ་ཡོད་ཀྱང་དྲག་པོ་ཡིན་པས་མ་ཁྱབ། བྱས་ན་དྲག་པོ་དང་འཚེ་བའི་བར་ཁྱད་པར་གང་ཡོད་པར་ཞིབ་འཇུག་བྱེད་དགོས། དྲག་པོ་ཞེས་པ་ནི་སེམས་ཅན་གཞན་གྱི་ལུས་ཁམས་ལ་རྨས་སྐྱོན་གཏོང་བའི་བྱ་བ་གང་ཞིག་ལ་གོ་བ་ཡིན། འཚེ་བ་ནི་སེམས་ཅན་ལ་ལུས་ངག་ཡིད་གང་རུང་ཐོག་ནས་གནོད་པ་བྱེད་པའི་བྱ་བ་གང་ཞིག་ལ་གོ་བ་ཡིན། གལ་ཏེ་མི་ཞིག་ལ་ཚིག་ངན་ཞིག་བཤད་ནས་ཁོ་ལ་སྡུག་བསྔལ་བཟོས་ན་དེ་ལ་འཚེ་བ་ཟེར་ཆོག  འོན་ཀྱང་ཚིག་ངན་བཤད་པ་དེ་དྲག་པོའི་ལས་སུ་ངོས་འཛིན་མི་བྱེད། གང་ལ་ཟེར་ན་ལས་དེས་སྲོག་གཅོད་དམ་ལུས་ལ་རྨས་སྐྱོན་གཏོང་གི་མེད་པས་ཕྱིར།  རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་ནང་ཞུགས་ནས་སྡུག་རྩུབ་ཅན་གྱི་གཞུང་ཞིག་ལ་ཁ་གཏད་གཅོག་དུས། དྲག་པོའི་ལས་ཀ་སྤང་རྒྱུ་གལ་ཆེ་ཡང་འཚེ་བ་མེད་པའི་ལས་ཀ་སྤང་རྒྱུ་ནི་ཧ་ཅང་ཁག་པོ་རེད། རྒྱ་གར་ གྱི་རང་དབང་འཐབ་རྩོད་པ་རྒན་དེས་དྲག་པོའི་ལས་ཀ་བྱས་མེད་ཀྱང་། འཚེ་བ་ཅན་གྱི་ལས་ཀ་བྱས་ཡོད་པར་བཤད་ཐུབ། ཁོང་གིས་འགོ་འཁྲིད་ནས་དབྱིན་ཇིའི་ཚོང་ཁང་ལ་ཉོ་ཚོང་སྤོང་བའི་ལས་འགུལ་སྤེལ་དུས་རྒྱ་གར་བ་ས་ཡ་མང་བོས་མཉམ་ཞུགས་བྱས་ནས། དབྱིན་ཇིའི་ཚོང་ལ་གྱོང་ཆེན་པོ་བཏང་བར་མ་ཟད། དབྱིན་ཇིའི་སྐྱེ་དམན་མང་བོར་བཟོ་གྲའི་ལས་ཀ་ཤོར་བ་རེད།  རྒན་དེའི་ཉོ་ཚོང་སྤོང་བའི་ལས་འགུལ་དེས་དབྱིན་ཇི་རྣམས་ལ་འཚེ་བ་བྱས་ཀྱང་ཞི་བའི་སྒོ་ནས་བྱས་པ་རེད། དེར་དྲག་པོ་རྩ་བ་ནས་ཟེར་མི་རུང་། བྱས་ཙང་ང་ཚོའི་འཐབ་རྩོད་ནང་ལའང་ཞི་བའི་ལས་འགུལ་འཚེ་བ་ཅན་འགའ་ཞིག་ སྤེལ་ཐུབ་ན་ཡག་པོ་ཡོང་ས་རེད།”(༡
སྨྱུག་ཐོགས་པས་བོད་མིས་མཉམ་རུབ་ཐད་ཀྱི་སློབ་སྦྱོང་འགོ་འཛུགས་བྱེད་རྒྱུ་འཕྱིས་མེད་ནའང་སྔ་མེད་ཅེས་ཐེངས་སྔ་མའི་རྩོམ་ཡིག་ནང་བཀོད་ཡོད་པས།  བོད་དོན་བསྐྱར་གླེང་། བོད་དོན་བསྐྱར་ཞིབ་དང་བོད་དོན་བསྐྱར་བསྡུར་སྤེལ་བའི་གོ་རིམ་ཁྲོད་ཐོན་པའི་དྲི་བ་དང་སྦྱར་བྱང་ཁག་ལ་ཕྱོགས་བསྡུས་དང་དབྱེ་ཞིབ་བྱེད་དགོས་མིན་ལ་ལྟ་རྒྱུ་ཡིན་པས། མཉམ་རུབ་དཔྱད་བསྡུར་ལ་ཕེབས་པར་དགའ་བསུ་ཡོད།

མཆན་འགྲེལ།
(༡  http://yarlungraging.blogspot.com/2010/07/blog-post.html

ཕྱི་ལོ༢༠༡༥ལོའི་ཟླ༣ཚེས༧ཉིན་ཐེ་ལན་ཏིའི་རྒྱལ་ས་བྷང་ཁོག་ཏུ་བཟོ་བཅོས་ཕྲན་ཙམ་བརྒྱབ་ནས་ཕུལ་བ་དགེ་གྱུར་ཅིག

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།