པེ་ཅིན་ནས་མའོ་ཙེ་ཏུང་རོ་ལངས་རྒྱབ་འདུག
དུས་རབས་ཉེར་གཅིག་གི་དུས་མགོར་ནས་བཟུང་། རྒྱ་ནག་སྲིད་གཞུང་གི་སྲིད་དབང་སྒེར་གཅོད་པ་ཚོའི་བར་དབང་ཆ་འཕྲོག་རྩོད་ཀྱིས་འགལ་ཟླ་རྣོ་ངར་ཅན་ཏུ་གྱུར་ཏེ།
ནམ་མཁའ།
དུས་རབས་ཉེར་གཅིག་གི་དུས་མགོར་ནས་བཟུང་། རྒྱ་ནག་སྲིད་གཞུང་གི་སྲིད་དབང་སྒེར་གཅོད་པ་ཚོའི་བར་དབང་ཆ་འཕྲོག་རྩོད་ཀྱིས་འགལ་ཟླ་རྣོ་ངར་ཅན་ཏུ་གྱུར་ཏེ། པེ་ཅིན་སྲང་ལམ་ནས་མེ་མདའི་སྐད་ཐོས་པ་ཡང་ཐེངས་གཅིག་མིན། འདི་འདྲའི་དབང་རྩོད་ཀྱི་འགལ་ཟླ་རྣོ་ངར་ཅན་བྱུང་བ་འདི་ནི། རྒྱ་ནག་དམར་ཕྱོགས་ཚོགས་པ་ལ་མཚོན་ནས་བཤད་ན། གནས་ཚུལ་གསར་པ་ཞིག་དང་ཆབ་སྲིད་དབང་རྩོད་ཀྱི་དམག་འཁྲུགས་གྲང་མོ་གསར་པ་ཞིག་གང་ཡང་མིན། དཔེར་ན་མའོ་ཙེ་ཏུང་གི་སྐབས་སུ་ཡང་། ལིན་པིའོ་ཡིས་མའོ་ཙེ་ཏུང་གསོད་རྩིས་བྱས་ཏེ་སྲིད་བློན་ཀྲིག་ཨེན་ལིན་གྱིས་ཐེངས་འགར་བསྐྱབས་ཡོད་པ་དང་གཅིག་མཚུངས་རེད།
ཡིན་ན་ཡང་འཛམ་གླིང་གི་ཆབ་སྲིད་དཔྱད་བརྗོད་པ་ཚོས། འདི་དང་རྐྱེན་བྱས་ཏེ་རྒྱ་ནག་དམར་ཕྱོགས་ཚོགས་པ་འཐོར་བཤིག་ཏུ་འགྲོ་བར་རེ་བ་བྱེད་བཞིན་ཡོད་པ་འདྲ་མོད། འོན་ཀྱང་ངས་བསམ་ཚུལ་ལ་འདི་དང་རྐྱེན་བྱས་ཏེ་ད་རུང་དམ་རུ་གཏོང་སྲིད་སྙམ།
རྒྱུ་མཚན་ནི། ང་ཚོས་མའོ་ཙེ་ཏུང་གི་སྐབས་ཀྱི་དབང་ཆ་འཕྲོག་རྩོད་ཀྱི་འགལ་ཟླའི་གནས་བབ་ལ་ཁ་ཕྱིར་འཁོར་ཏེ་བསམ་གཞིག་བྱས་ཆོག མའོ་ཙེ་ཏུང་གི་སྐབས་ནས་བཟུང་གནས་ཚུལ་འདི་བརྒྱུད་ནས་ཡོང་སྟེ། མའོ་ཡིས་ཁོའི་འཐབ་གྲོགས་གང་མང་ཞིག་བཙོན་འཇུག་བྱས་ཏེ་མི་ཚེ་བཙོན་ཁང་ནང་བསྐྱལ་ཡོད། དཔེར་ན་༼ལིའུ་ཧྲོ་ཆི་དང་དམག་དཔོན་ཆེན་མོ་ཕིན་ཏྰེ་ཧྭེ་ད་རུང་ཏིན་ཞོ་ཕེན་༽སོགས་མའོ་ཡི་འཐབ་གྲོགས་མང་པོ་བཙོན་འཇུག་བྱས། དེ་དག་བཙོན་ཁང་དུ་འཇུག་དགོས་བའི་རྒྱུ་མཚན་དངོས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པའི་དབང་གིས་དབང་ཆ་འཕྲོག་རྩོད་བྱས་པ་རེད།
སྐབས་དེར་མའོ་ཡིས་དབང་ཆ་གཅིག་སྡུད་ཀྱིས་རང་གི་བྱས་ཉེས་འགེབས་སྲུང་ཆེད། རྒྱ་ནག་རྒྱལ་ཡོངས་སྨྱོ་མཆོངས་རྒྱག་ཏུ་བཅུག་སྟེ་རིག་གནས་གསར་བརྗེ་ཡི་ལས་འགུལ་སྤེལ།
དུས་སྐབས་དེར་མའོ་ཙེ་ཏུང་ལ་མཚོན་ནས་བཤད་ན་ཅུང་ཟད་སྟབས་ལེགས་པ་ཞིག་ནི། དེང་སང་བཞིན་བརྡ་འཕྲིན་གྱི་དུས་རབས་མིན་པས་ཁོས་གང་བྱས་ཐམས་ཅད་ཕལ་ཆེར་རྒྱ་ནག་མི་དམངས་དང་འཛམ་གླིང་གིས་གནས་ཚུལ་གསལ་བོར་ཤེས་ཐུབ་མེད།
ཡིན་ན་ཡང་སྐབས་དེའི་སྡུག་བསྔལ་མྱོང་མཁན་ཏིན་ཞའོ་ཕིན་ལྟ་བུ་སོགས་ཀྱིས་གནས་ཚུལ་ཆ་ཚང་གསལ་བོར་ཤེས་ཡོད་པས། ཏིན་ཞའོ་ཕིན་ཡང་བསྐྱར་རྒྱ་ནག་གི་དབང་འཛིན་པ་གྱུར་དུས། ཁོས་སྔོན་གྱི་སྡུག་བསྔལ་གང་མྱོངས་ལ་འཁོན་ལན་སློག་ཆེད། མའོ་ཙེ་ཏུང་གི་སྐྱེ་དམན་ཅང་ཆིན་སོགས་མི་བཞི་ཕྱོགས་ཁག་ཞེས་མིང་ངན་པ་ཞིག་བཏགས་ཏེ་བཙོན་འཇུག་བྱས་པ་རེད།
ཏིན་ཞའོ་ཕིན་འདས་རྗེས་ནས་བཟུང་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་མའོ་དང་ཏིན་ཞའོ་ཕིན་བཞིན་ཆབ་སྲིད་ཀྱི་དབང་ཆ་མི་གཅིག་གིས་ཐག་གཅོད་བྱེད་ཐུབ་པའི་ནུས་པ་ཅན་ཞིག་བྱུང་མེད། དེས་རྐྱེན་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོ་ཕྱོགས་གཉིས་སུ་མཆེད་དེ། ཅང་ཧོའུ་བར་གྱི་འགལ་ཟླ་ཞེས་ཕྱི་སྡོད་རྒྱ་རིགས་དང་ནང་ལོགས་ཀྱི་གཉིད་སད་བཞིན་པའི་རྒྱ་རིགས་ཚོས་གླེང་སློང་བྱས་པ་རེད། གླེང་སློང་འདི་ནི་དོན་དངོས་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་ཕྱོགས་ཁག་འདི་གཉིས་ཀྱི་འགལ་ཟླའི་གཞི་རྩ་ནི་རྒྱ་ནག་མི་དམངས་ཀྱི་བདེ་སྡུག་གི་ཆེད་དུ་བྱུང་བ་ཞིག་མ་ཡིན་པར། ཁོང་ཚོའི་དབང་ཆ་འཕྲོག་རྩོད་ཀྱི་ཆེད་དུ་ཡིན་པ་དེང་སང་གསལ་དུ་འགྲོ་གི་ཡོད།
གལ་སྲིད་རྒྱ་ནག་མི་དམངས་ཀྱི་བདེ་སྡུག་ཆེད་དུ་འགལ་ཟླ་བྱུང་བ་ཡིན་ཚེ། རྒྱ་ནག་གི་རྩ་ཁྲིམས་ལྟར་སྐད་ཡིག་རང་དབང་དང་སྐད་འབོད་རང་དབང་སོགས་ལག་བསྟར་བྱེད་དགོས་མོད། འོན་ཀྱང་དེ་ལས་ལྡོག་སྟེ་མི་དམངས་ཀྱི་བདེ་སྡུག་གླེང་མཁན་གྱི་ཁྲིམས་རྩོད་པ་སོགས་ཀྱང་ཉེས་མེད་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱེད་བཞིན་ཡོད། གནས་ཚུལ་འདིས་གང་མཚོན་གྱི་ཡོད་དམ་ཟེར་ན། གུང་ཁྲན་ཏང་གིས་གཏན་འབེབ་བྱས་ཟིན་པའི་རྩ་ཁྲིམས་ལ་ནུས་པ་མེད་པར། རྒྱ་ནག་མི་དམངས་ཁྲིམས་ཀྱིས་དབང་བསྒྱུར་མི་བྱེད་པར་སྲིད་དབང་སྒེར་གཅོད་པ་ཚོས་དབང་ཤུགས་ཁོ་ནས་དབང་བསྒྱུར་བྱེད་བཞིན་ཡོད་པ་མཚོན་ཐུབ། གལ་ཏེ་སྲིད་གཞུང་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ཚེ་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་གི་ཡོད།
དཔེ་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། མི་དམངས་སྐྱོ་བོ་མང་པོ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱིས་གནམ་བདེ་སྒོ་མོའི་མདུན་ནས་ཉིན་གཅིག་ལ་མི་ཉི་ཤུ་ཙམ་གྱིས་དུག་སྨན་འཐུང་སྟེ་རང་ཤི་བརྒྱབ་ཡོད། གནས་ཚུལ་འདིས་རྒྱ་ནག་གི་རྩ་ཁྲིམས་ལ་དབང་བསྒྱུར་བྱེད་པའི་ནུས་པ་མེད་པར་དབང་ཆ་སྒེར་གཅོད་ཀྱི་དབང་ཤུགས་ཁོ་ནས་མི་དམངས་ལ་ཁ་ལོ་བསྒྱུར་ཏེ་རྒྱལ་ཁབ་སྐྱོང་བཞིན་ཡོད་པ་གསལ་བོ་མཚོན་ཐུབ། གནས་ཚུལ་འདི་འདྲ་མང་པོ་ཞིག་གིས་ཀྱང་རྒྱ་ནག་དམར་ཕྱོགས་སྲིད་གཞུང་ལ་ཁྲིམས་དང་མཐུན་པའི་གནས་ལུགས་བཤད་ས་མེད་པ་སེམས་པ་ཐང་པོ་ཅན་ཞིག་ཡིན་ཚེ་གསལ་བོ་ཤེས་ཐུབ།
རྩ་ཁྲིམས་གཅིག་གི་འོག་ནས་མི་རིགས་མི་འདྲ་གཉིས་ལ་ཁྲིམས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་ཡོད་པའི་དཔེ་མཚོན་གཞན་ཞིག་གི་སྒོ་ནས་བཤད་ན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཨ་མའི་ཐོག་ན་༼ཆོས་ལུགས་དད་མོས་རང་དབང་ཡིན༽།བཀོད་ཡོད་པ་དེ་རིང་ཡང་ད་རུང་གསལ་བོ་ཡོད། ཡིན་ནའང་། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་ལ་རྒྱ་ནག་གི་མགོ་ཁྲིད་ཏང་ཡོན་ཞིག་ཡིན་ན་ཡང་རྒྱ་གར་རྡ་རམ་ས་ལར་མཇལ་འཕྲད་དུ་ཡོང་ཚེ་ཆབ་སྲིད་ཀྱི་ནག་ཉེས་ཅི་ཡང་མེད་། འོན་ཀྱང་བོད་མི་རིགས་ཞིག་ཆེད་མངགས་ཀྱིས་མཇལ་འཕྲད་ལ་ཡོང་ཚེ་ཆབ་སྲིད་ཀྱི་ནག་ཉེས་རུ་བརྩི་བ་མ་ཟད། ད་རུང་བཙོན་ཁང་དུ་འཇུག་གི་རེད། དོན་ངོ་མ་མཇལ་སའི་མི་གཅིག་ཡིན་ལ་ཡོང་སའི་ཡུལ་ཡང་གཅིག་ཡིན།
ཐ་ན་རྒྱ་ནག་གི་མགོ་ཁྲིད་ལས་ཟུར་དང་ཡང་ན་ལས་ཐོག་པ་གང་ཡིན་ཡང་ཁོང་ཚོའི་ཁྱིམ་ཚང་ནང་༧གོང་ས༧མཆོག་གི་སྐུ་པར་སྒྲིག་བཤམས་ཆོག་པ་མ་ཟད། ད་རུང་གསར་འགྱུར་འགོད་མཁན་སོགས་མི་སུ་ལ་ཡང་བསྟན་ཡང་ཉེས་པ་ཅི་ཡང་མེད། འོན་ཀྱང་བོད་མི་རིགས་ལས་བྱེད་མགོ་ཁྲིད་ཕར་ཞོག་ཐ་ན་མི་དམངས་དཀྱུས་མ་ཚོས་ཀྱང་སྐུ་པར་སྒྲིག་བྱས་པ་མཐོང་ཚེ་ཆབ་སྲིད་ཀྱི་ནག་ཉེས་སུ་བརྩིས་ཏེ་བཙོན་འཇུག་དང་། ཡང་ན་ཉེས་ཆད་ལྕི་མོ་གཅོད་ཀྱི་ཡོད། འདི་ནི་རྩ་ཁྲིམས་གཅིག་གི་འོག་ན་ཁྲིམས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པའི་དཔེ་མཚོན་ཙམ་ཡིན། ཕྲན་གྱིས་འདིར་བཤད་འདོད་པའི་སྐད་ཆ་གཙོ་བོ་ནི། རྒྱ་ནག་སྲིད་གཞུང་གིས་རྩ་ཁྲིམས་ནང་བཀོད་པ་ལྟར་རྒྱལ་ཁབ་སྐྱོང་མ་ཐུབ་ཚེ། ལྐོག་ཟ་རུལ་སུངས་ལ་ཁ་གཡར་དེ་རྒོལ་རྡུང་ཅི་ལྟར་བྱས་ཀྱང་མི་དམངས་ལ་རང་དབང་མེད་པ་གཅིག་མཚུངས་ཡིན།
གཉིས་པ། རྒྱ་ནག་གི་རྨི་ལམ།
ཞིན་ཅིན་ཕེན་སྲིད་འཛིན་ལ་བསྡད་མ་ཐག་གཏམ་བཤད་སྐབས། རྒྱ་ནག་གི་རྨི་ལམ་ནས་མགོ་བརྩམས་ཏེ་གཏམ་བཤད་བྱས་ཡོད། དེ་ཡང་ཞིན་ཅིན་ཕེན་གྱི་གཏམ་བཤད་ཐོག་མ་བཤད་དུས། ནང་ཁུལ་ནས་རྙོག་དྲ་བྱུང་སྟེ་གཏམ་བཤད་དུས་ཚོད་སྐར་མ་འགའི་རྗེས་ལུས་ཐེབས་ཏེ་ཁོས་འཛམ་གླིང་གི་གསར་འགོད་པ་ཡོངས་ལ་དགོངས་དག་དང་འབྲེལ་བའི་གསལ་བཤད་ཐུང་ངུ་ཞིག་བྱེད་དགོས་བྱུང་།
ལོ་གསུམ་ཕྱིན་པའི་དེ་རིང་གི་ཉིན་མོ། ད་རུང་རྒྱ་ནག་མི་དམངས་ཀྱིས་གང་ཞིག་༼རྒྱ་ནག་གི་རྨི་ལམ༽ཡིན་པ་ཤེས་ཐུབ་མེད།
ང་ཚོས་ལོ་གསུམ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་གྱི་ལས་བསྡོམས་ལ་བལྟས་ཚེ། དེ་ནི་ཁོ་རང་ཉིད་ཀྱི་རྨི་ལམ་ཞིག་ཡིན་པ་ལས་རྒྱ་ནག་གི་མི་དམངས་དུང་ཕྱུར་མང་པོའི་རྨི་ལམ་ཞིག་མིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག སྲིད་འཛིན་ཞིས་ཀྱིས་ལྐོག་ཟ་རུལ་སུངས་ལ་ཁ་གཡར་ཏེ་སྟག་དང་སྦྲང་མ་མཉམ་གསོད་བྱས་ཡོད།
ཡིན་ན་ཡང་དངོས་གནས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བྱེད་འདོད་ཡོད་ཚེ། རྒྱ་ནག་གི་སྲིད་བློན་ཟུར་བ་༼ཝུན་ཅ་པའོ་༽ནང་མི་ལ་ཡང་རྒོལ་རྡུང་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་ནི་ཨ་རིའི་ནེའུ་ཡོག་༼དུས་བབ་༽སྟེང་༼ཝུན་ཅ་པའོ༽ཡི་སྐྱེས་དམན་གཙོ་བྱས་ཏེ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་བཀོད་ཡོད་པ་མ་ཟད། ཁོ་རང་སྲིད་བློན་ལས་ཐོག་སྐབས་སུ། ཁོས་ཁྲིམས་གཏུག་བྱེད་ཀྱི་ཡིན་ཟེར་ནས་སྐད་ངན་དགུང་ལ་འཕྱོ་མོད། འོན་ཀྱང་གྲགས་འགུལ་ཅི་ཡང་མེད་པར་འཇམ་ཐིང་ངེར་དེ་རིང་རྒྱ་ནག་གི་རྡོ་རྗེ་ཕ་ལམ་གྱི་ཚོང་ཁང་མང་པོའི་བདག་པོ་ཆགས་ཡོད། འདིར་གཅིག་པུར་བསམ་བློ་ཞིབ་མོར་བཏང་ཚེ། ལྐོག་ཟ་རུལ་སུངས་ཁོ་ནར་དམིགས་ཏེ་སྟག་རྒན་ཚོ་གསད་པ་མིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག
ཕྲན་གྱིས་གོང་དུ་བཤད་པ་བཞིན། རྒྱ་ནག་རྒྱལ་ཁབ་ཁྲིམས་ཀྱིས་དབང་བསྒྱུར་མི་བྱེད་པར་མིའི་དབང་ཤུགས་ཀྱིས་དབང་བསྒྱུར་བྱེད་བཞིན་ཡོད་པ། དེ་རིང་སྟག་རྒན་མང་པོ་ལྕགས་དྲའི་ནང་ཚུད་པ་ཙམ་ལས་རྩ་ཁྲིམས་ནང་བཀོད་པ་ལྟར་ཁྲིམས་ཀྱིས་ཉེས་ཆད་གཅོད་ཐུབ་ཀྱི་མེད། རྒྱུ་མཚན་ནི། ཀྲོའུ་ཡའོ་ཁང་ལྟ་བུ་སྟག་རྒན་དང་དུག་སྦྲང་མང་པོས་ལོ་ཚོད་མ་ལོན་པའི་༼༡༣ ནས་༡༦ ༽བར་གྱི་བུ་མོ་མང་པོ་བཙན་གཡེམ་བྱས་ཡོད་པ་མ་ཟད། དེ་འདྲའི་གྲངས་ཀ་སུ་མང་ལ་འགྲན་སྡུར་བྱེད་བཞིན་ཡོད་པ་ནག་ཉེས་ཅན་ཁོང་ཚོས་ཁས་ལེན་བྱེད་ཀྱི་ཡོད།
སྤྱིར་རྒྱ་ནག་གི་རྩ་ཁྲིམས་ལྟར་ན་ལོ་ཚོད་མ་ལོན་པའི་བུ་མོ་ལ་བཙན་གཡེམ་བྱས་ཚེ་རྩ་ཁྲིམས་ལྟར་སྲོག་ཁྲིམས་ཀྱི་ཉེས་ཆད་ཡོད། ཡིན་ན་ཡང་དེ་རིང་ད་རུང་སྟག་རྒན་དང་དུག་སྦྲང་མང་པོ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་ཐུབ་ཀྱི་མེད། འདི་ཁོ་ནས་ཀྱང་རྒྱ་ནག་སྲིད་གཞུང་གིས་གཏན་འབེབ་བྱས་བའི་རྩ་ཁྲིམས་ནི། གནམ་བདེ་སྒོ་མོའི་སྒོ་ངོས་ཐོག་གི་མའོ་ཙེ་ཏུང་གི་འདྲ་པར་བཞིན། འཛམ་གླིང་མི་དམངས་དང་རྒྱ་ནག་མི་དམངས་དུང་ཕྱུར་མང་པོའི་མིག་མདུན་གྱི་ཆུ་ངོགས་གཏམ་རྒྱུད་ཀྱི་སྒྲུང་དེབ་བཞིན་ཀློག་དེབ་ཁོ་ནར་གྱུར་ཡོད་པ་ལས། ལག་བསྟར་བྱེད་སའི་མི་ནག་ཉེས་ཅན་གོང་རིམ་གྱི་མི་སྣའི་ཐོག་བྱེད་ཀྱི་མེད། གལ་ཏེ་རྩ་ཁྲིམས་ལྟར་ལག་བསྟར་བྱས་ཡོད་ཚེ། ལུག་བསད་ན་ར་འདར་བའི་ལོ་རྒྱུས་བཞིན། སྟག་རྒན་ཚོ་མི་དམངས་ཀྱི་མིག་མདུན་ནས་སྲོག་ཁྲིམས་བཅད་ན་དུག་སྦྲང་ཚོ་ཞོར་དུ་འདར་སིག་རྒྱག་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་ཞིག་ཡིན།
རྒྱ་ནག་གུང་ཁྲན་ཏང་གི་དཔོན་རབས་ཚོའི་ཆགས་སྤྱོད་ཀྱི་བྱ་སྤྱོད་འདི་ནི། མའོ་ཙེ་ཏུང་གི་སྐབས་ནས་དར་བའི་ལུགས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད། མའོ་ཙེ་ཏུང་གིས་ཀྱང་ཁོའི་ཉལ་ཁང་གི་སྒོ་འགྲམ་ནས་བུ་མོ་མཛེས་མ་མང་པོ་བསྡུས་ཏེ་ཁོའི་མཉམ་དུ་ཞབས་བྲོ་རྒྱག་ས་བཟོས་སྟབས། དམག་སྤྱི་ཆེན་མོ་ཕིན་ཏྰེ་ཧྭེ་ཡིས་ཚོགས་ཐོག་ནས་ངོ་རྒོལ་བྱས་ཏེ། ཕིན་ཏྰེ་ཧྭེ་བཙོན་ཁང་དུ་འགྲོ་དགོས་བའི་རྒྱུ་རྐྱེན་གཙོ་བོ་གཅིག་དེ་རེད།།
ནམ་མཁས་ཡོ་རུབ་ནས ༢༨/༢/༢༠༡༥ལ་བྲིས།