དྷ་སའི་མཛུབ་མོ་ལྔ་བཅངས་ཀྱི་ཚོགས་པ་ལྔ་མཉམ་འབྲེལ་མ་ཐུབ་པ།
༡༩༥༩ ལོར་ལྷ་སར་བོད་མི་མང་གི་ངོས་ནས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ནས། ད་ལྟའི་བར་བོད་གཞུང་མང་གཉིས་ནས་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། བར་ལམ་ཞིག་ནས་བོད་གཞུང་ངོས་ནས་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་མཚམས་བཞག་ནས། ཉིན་དེའི་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་དེ་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།
༡༩༥༩ ལོར་ལྷ་སར་བོད་མི་མང་གི་ངོས་ནས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ནས། ད་ལྟའི་བར་བོད་གཞུང་མང་གཉིས་ནས་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། བར་ལམ་ཞིག་ནས་བོད་གཞུང་ངོས་ནས་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་མཚམས་བཞག་ནས། ཉིན་དེའི་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་དེ་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་དུ་བསྒྱུར་བ་ཇེ་བརྟན་དུ་བཏང་བ་དང། གཞུང་གི་མིང་བྱང་ཡང་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བའི་རྗེས་ནས། བོད་མི་ནང་ཁུལ་ལ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཐོག་བསམ་ཚུལ་མ་མཐུན་པ་ཤུགས་ཆེ་རུ་སོང་ཡོད་པ་རེད།
འདི་ལོར་དྷ་སའི་གསུམ་བཅུའི་དུས་དྲན་ཉིན་མི་མང་གི་ཁྲོམ་སྐོར་ལས་འགུལ་སྤེལ་སྐབས། འབོད་ཚིགས་སྒྲོག་སྟངས་སྐོར་ལ་བསམ་ཚུལ་མ་མཐུན་པ་བྱུང་བ་དང། བོད་ཀྱི་བུད་མེད་ཚོགས་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་པའི་ངོས་ནས་འབོད་ཚིག་གཏན་འབེབས་བཟོས་ནས། མི་མང་ལ་བཀྲམ་དགོས་སྐོར་བརྗོད་པ་དང་། བོད་ཀྱི་གཞོན་ལྷན་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་འབོད་ཚིག་དེ་ཁྲོམ་སྐོར་སྐབས། མི་མང་གིས་གང་བརྗོད་འདོད་པ་དེར་རང་དབང་སྤྲོད་དགོས་སྐོར་དང་། ཡང་ན་གཏན་འབེབས་བྱེད་དགོས་ན། ༡༩༥༩ ལོའི་ངོ་རྒོལ་ཉིན་གྱི་འབོད་ཚིག་བོད་རང་བཙན་དགོས་དང་། རྒྱ་མི་བོད་ནས་ཕྱིར་ཕུད་དགོས་པ་དེ་རང་སོར་འཇོག་དགོས་སྐོར་བརྗོད་ཡོད་འདུག མཐའ་མར་བསམ་ཚུལ་མ་མཐུན་པ་བྱུང་ནས་བུད་མེད་ཚོགས་པ་ལས་འགུལ་གོ་སྒྲིག་ནང་ནས་ཕྱིར་འཐེན་བྱས་པ་དང་། དེའི་རྗེས་སུ་དགུ་གསུམ་ཚོགས་པ་ཡང་ཕྱིར་འཐེན་བྱས་ཡོད་འདུག
དེ་བཞིན་འདི་ལོར་ཨ་རི་ནིའུ་ཡོག་ནས་གསུམ་བཅུའི་དུས་དྲན་ལས་འགུལ་སྤེལ་མཁན་ཚོའི་བར་དུ་འབོད་ཚིག་གཏན་འབེབས་དགོས་མིན་སྐོར་ལ་བསམ་ཚུལ་མ་མཐུན་པ་བྱུང་སྟེ། གོ་སྒྲིག་པའི་ནང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། USTC ཚོགས་པ་གཉིས་ཕྱིར་འཐེན་བྱས་ཡོད་པ་དང་། ད་ལྟ་ཨ་རིའི་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག ས་གནས་བུད་མེད་ཚོགས་པ་བཅས་ནས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་ནུའུ་ཡོག་བོད་རིགས་ཚོགས་ངོ་དེབ་ཐོག “དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་ལས་འགུལ་ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པ་འབྱུང་ཐབས་སུ་ཚང་མས་ངག་གི་སྐད་འབོད་ཞི་འཇམ་དང་། ལུས་ཀྱི་སྤྱོད་ལམ་དལ་པོའི་ཐོག་ནས་དགོས་འདུན་གྱི་བརྗོད་ཚིག་རྣམས་སྒྲ་དག་གསལ་གསུམ་གཞན་གྱི་ཡིད་ལ་འཇུག་པ་ཞིག་ཡོང་ཐབས་དགོས་པ་དང། གོ་སྒྲིག་ཚོགས་ཆུང་གིས་གཏན་འབེབས་གོ་སྒྲིག་ཞུས་པའི་བརྗོད་ཚིག་དང་མི་མཐུན་པའི་འཕྲེད་དར་དང་། དར་ཆ། སྦྱར་པང་གི་རིགས་མི་སྒེར་རམ། ཚོགས་པ་སྐྱིད་སྡུག་སུ་འདྲ་ཞིག་ནས་ཀྱང་མཉམ་འཁྱེར་མི་དགོས་པའི་འབོད་བསྐུལ་ནན་ཏན་ཞུ་རྒྱུ་ཡིན།”ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཚོགས་པ་གཉིས་གསུམ་བཅུའི་དུས་དྲན་ངོ་རྒོལ་ཁྲོམ་སྐོར་གོ་སྒྲིག་བྱེད་མཁན་ནང་ནས་ཕྱིར་འཐེན་དགོས་དོན་གང་ཡིན་སྐོར་ལ་ངས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལ་བཅར་འདྲི་བྱས་པར། ཁོང་གིས། “ལས་འགུལ་གོ་སྒྲིག་སྐབས་ན་ནིང་ལོ་བསམ་ཚུལ་མ་མཐུན་བྱུང་བ་རེད། ༢༠༡༣ ལོའི་ཕྱི་ཟླ་༩ པ་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འགྱུར་བ་སོང་བ་དང་། རྒྱུན་ལས་ཚོས་དེ་ལ་གཞིགས་ནས་སྒྲིག་གཞི་ལྟར་འགན་ཁུར་དགོས་པ་རེད། སྤྱིར་བཏང་གསུམ་བཅུའི་དུས་དྲན་གྱི་ངོ་བོར་དོགས་པ་རྣམ་རྟོག་གང་ཡང་ཡོད་པ་མ་རེད། ཚང་མས་ངོས་འཛིན་བྱེད་སྟངས་གཅིག་པ་རེད། ༡༩༥༩ ལོར་ལྷ་ནས་མི་མང་སེར་སྐྱ་ཡོངས་ཀྱིས་གསུམ་བཅུའི་ལས་འགུལ་འགོ་བཙུགས་རེད། སྐབས་དེའི་གནས་སྟངས་དང་བསྟུན་ནས་འབོད་ཚིག་ཡང་བོད་རང་བཙན་དགོས། རྒྱ་མི་བོད་ནས་ཕྱིར་ཕུད་དགོས་ཟེར་བ་དེ་རེད། དེང་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མཚོན། གནས་སྟངས་ལ་དཔག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཚོར་འགྱུར་བ་གང་འཚམས་སོང་ཡོད་པ་རེད། དེར་བརྟེན་འབོད་ཚིག་དེ་ཚོ་དང་ཕྱག་ལས་གནང་ཕྱོགས་ལ་ཏོག་ཙམ་དཀའ་ངལ་ཡོང་དུས། སྔོན་མ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་འགུལ་དེ་ཚོགས་པ་ལྔའི་ཐོག་བབ་པ་ཡང་དེ་འདྲ་བྱུང་རེད། ན་ནིང་ཡིན་ནའང་འབོད་ཚིག་གཏན་འབེབས་དགོས་མིན་སྐོར་ལ་བསམ་ཚུལ་མ་མཐུན་པ་བྱུང་ནས། མཐའ་མ་དེར་ཚོགས་པ་ཁག་གི་ངོས་ནས་འབོད་ཚིག་གཏན་འབེབས་བྱས་ནས་ཤོག་ཐོག་ཏུ་མི་མང་ལ་བཀྲམ་རེད། གོ་སྒྲིག་པའི་ངོས་ནས་གཏན་འབེབས་བྱས་པ་དེ་བསྒྲགས་པ་རེད་མོད། ཡིན་ཡང་མི་མང་གི་ངོས་ནས་“བོད་རང་བཙན་ཡིན། ཞི་ཅིན་ཕིན་མོར་ཏ་པཱ་”ཟེར་བ་སོགས་བསྒྲགས་པ་རེད། དེ་ལ་འགོག་ཐབས་ཡོད་པ་མ་རེད། ཡིན་ཡང་ཚོགས་པའི་ངོས་ནས་གོ་སྒྲིག་བྱེད་དགོས་པ་དེ་ངོ་བོ་ལོག་ཀ་རེད་”ཅེས་གསུངས་སོང་།
ཚོགས་གཙོ་པ་སངས་ཚེ་རིས་གིས་ད་ལོ་ལས་འགུལ་གོ་སྒྲིག་ནས་ཕྱིར་འཐེན་དགོས་དོན་སྐོར་གསུང་དོན། “ད་ལོ་ང་ཚོས་ཚོགས་འདུ་འཚོགས་སྟེ། ན་ནིང་བཞིན་ལས་འགུལ་སྤེལ་རྒྱུ་ཐག་གཅོད་བྱས་རེད། ཁ་ཉིན་ཚོགས་འདུ་འཚོགས་སྐབས། གཞོན་ལྷན་གྱིས་འབོད་ཚིག་དེ་ང་ཚོས་གཏན་འབེབས་མ་དགོས་པར། མི་མང་གིས་གང་བརྗོད་འདོད་པ་དེ་མི་མང་རང་ལ་བཞག་ན་ཞེས་བསམ་ཚུལ་བཏོན་ནས། མང་གཙོ་ཚོགས་པ་དང་། སློབ་ཕྲུག་ཚོགས་པ་གཉིས་ཀྱིས་དེ་ལ་རྒྱབ་སྐྱོར་བྱས་འདུག དེ་ནས་བུད་མེད་ཚོགས་པས་དེ་ལ་མོས་མཐུན་མ་བྱས་པར་ཕྱིར་འཐེན་བྱས་འདུག དགུ་བཅུ་གསུམ་གྱི་དྲུང་ཆེ་ཚོགས་བཅར་བྱས་ཡོད་པས། ཁོང་གིས་ཐག་མ་ཆོད་ནས། ལས་ཁུངས་སུ་ཡོང་བ་དང་། ཕྱི་ཉིན་ཚོགས་གཞོན་དགོངས་ཞུ་ཡིན་པ་ལས། དེ་མིན་རྒྱུན་ལས་ཚང་མ་གོ་བསྡུར་བྱས་རེད། ང་ཚོས་སྔོན་མ་བཞིན་འབོད་ཚིག་གཏན་འབེབས་ཐུབ་ན་ཡག་པོ་འདུག་ཅེས་བསམ་ཚུལ་བཏོན་ཡང་། དེ་མ་བྱུང་ནས། ང་ཚོ་ཡང་གསུམ་དུས་ལས་འགུལ་གོ་སྒྲིག་པའི་ནང་ནས་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།”ཅེས་གསུངས་སོང་།
སྤྱིར་བཏང་གསུམ་བཅུའི་དུས་དྲན་དེ་རང་བཙན་ལས་འགུལ་དང་། དབུ་མའི་ལམ་གྱི་ལས་འགུལ་གོ་སྒྲིག་ཅིག་མ་རེད། དེ་སྔོན་མའི་ལས་འགུལ་ཞིག་དུས་དྲན་རེད། ཚོགས་པའི་ལྟ་བ་ལངས་ཕྱོགས་གང་ཡིན་ཡང་དེ་ལ་འབོད་ཚིག་གཏན་འབེབས་མ་བྱས་པར་དཀའ་ཡོད་མེད་དང་། དམིགས་བསལ་དྷ་སར་མི་མང་གིས་ཁྲོམ་སྐོར་སྐབས། རང་བཙན་སྐད་འབོད་བྱས་ནས། རྒྱ་ནག་ལ་གནོད་འགྲོ་བ་དང་། དབུ་མའི་ལམ་གྱི་སྐད་འབོད་བྱས་ནས་རྒྱ་ནག་གིས་དགའ་བསུ་བྱེད་པ་དེ་འདྲ་ཁག་པོ་རེད། ཅིག་བྱས་ན་ཧ་ཡང་གོ་ཡི་ཡོད་ཀྱི་མ་རེད། ཁྱེད་ཚོས་འབོད་ཚིག་གཏན་འབེབས་དགོས་དོན་གཙོ་བོ་གང་རེད་ཅེས་དྲིས་པར། ཚོགས་གཙོ་པ་སངས་ཚེ་རིང་གིས་གསུང་དོན། “མི་མང་གིས་སྐད་འབོད་སྣ་ཚོགས་རེད། དེར་ང་ཚོར་བསམ་ཚུལ་མེད། གོ་སྒྲིག་བྱེད་མཁན་གྱིས་གནས་སྟངས་མང་པོའི་ཐོག་འགྲེལ་བཤད་རྒྱག་དགོས་པ་རེད། ཚོགས་པའི་སྒྲིག་གཞི་ལ་འགན་ཁུར་དགོས་ཀྱི་ཡོད་པ་རེད། ན་ནིང་འབོད་ཚིག་གཏན་འབེབས་བྱས་པ་དེར་ཡག་པོ་འདུག་ཅེས་བསྟོད་བསྔགས་གནང་མཁན་འདུག ཚོགས་པ་ལྔས་གོ་སྒྲིག་བྱས་པ་དང་། ཚོགས་པ་གསུམ་གྱིས་གོ་སྒྲིག་བྱས་པ་ལ་གྲུབ་འབྲས་ཐོན་མིན་ལ་ཁྱད་པར་ཡོད་ཀྱི་མ་རེད་མོད། ད་ལོ་ལས་འགུལ་གོ་སྒྲིག་ནང་མཉམ་ཞུགས་མ་ཐུབ་པ་དེར་བློ་ཕམ་པོ་བྱུང་། ཕར་ཕྱོགས་ལ་ང་ཚོར་ལྟ་སྡོད་མཁན་ཞིག་ཡོད་པས། ང་ཚོས་སྐད་འབོད་གོ་སྒྲིག་གི་ནུས་པ་ག་ཚོད་ཐོན་པ་དང་། ཚོགས་པ་ལྔ་མཉམ་རུབ་མ་ཐུབ་པའི་འབྲས་བུ་ཟློག་ཕྱོགས་གཉིས་བསྡུར་ན། འབྲས་བུ་ཟློག་ཕྱོགས་དེ་ཤུགས་ཆེ་བ་སྟེར་ས་རེད་བསམ་པའི་ཚོར་བ་འདུག ན་ནིང་བཞིན་ཡོང་ན་ཡག་པོོ་འདུག་ཞུས་ཡིན། ན་ནིང་གི་འབོད་ཚིག་གཙོ་བོ་༧གོང་ས་མཆོག་བོད་ལ་གདན་འདྲེན་དགོས་དང་། བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་དགོས། བོད་ཀྱི་སྐད་ཡིག་རྒྱ་ནག་གི་སྐད་ཡིག་དང་གཅིག་མཚུངས་དགོས་པ་སོགས་གཏན་འབེབས་བྱས་པ་རེད་”ཅེས་གསུངས་སོང་།
གཞོན་ལྷན་གྱི་དྲུང་ཆེ་བསྟན་འཛིན་ལམ་བཟང་ལ་ཚོགས་པ་ལྔ་མཉམ་འབྲེལ་མ་ཡོང་བ་དེ་ག་འདྲ་ཡིན་སྐོར་བཅར་འདྲི་བྱས་པར། “ང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཚོགས་འདུ་རིམ་པར་ཚོགས་རྗེས་མཐར་འབོད་ཚིག་དེ་ཡིག་ཐོག་ལ་ཕབ་རྒྱུ་དང་མི་མང་གིས་གང་བརྗོད་པ་དེ་རང་དབང་ཐོག་འཇོག་རྒྱུར་གྲོས་བསྡུར་བྱུང་བ་དང། ང་ཚོ་ཚོགས་པ་གསུམ་གྱི་ངོས་ནས་གལ་སྲིད་འབོད་ཚིག་དེ་ཡིག་ཐོག་ལ་ཕབ་ཚེ་ངེས་པར་དུ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་མི་མང་གིས་ཡོངས་གྲགས་སུ་འབོད་པའི་ ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་མཐར་སྐྲོད་བྱེད་ཅེས་པའི་འབོད་ཚིག་གསུམ་དེ་ངེས་པར་དུ་ཕབ་དགོས་ཀྱི་རེད་ཅེས་བསམ་ཚུལ་བྱུང་བ་རེད། འོན་ཀྱང་བུད་མེད་དང་དགུ་བཅུ་གསུམ་གྱི་ངོས་ནས་འབོད་ཚིག་ངེས་པར་དུ་ཡིག་ཐོག་ལ་ཕབ་དགོས་ལ། བོད་རང་བཙན་ཡིན་ཟེར་བ་དེ་བཞག་ན་འགྲིགས་གི་མེད་པའི་དགོངས་ཚུལ་བཏོན་པ་རེད། དངོས་གནས་བྱས་ན་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་འདི་ནི་ལྟ་གྲུབ་གང་ཞིག་འཛིན་མིན་དང་། ལངས་ཕྱོགས་གང་ཞིག་འཛིན་མིན་གྱི་གནད་དོན་ཞིག་མ་ཡིན་པར། ༡༩༥༩ ལོའི་ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཁྲི་ཚོ་མང་པོས་རང་གི་ཚེ་སྲོག་གཏའ་མར་བཞག་ནས་རྒྱ་ནག་གིས་དབང་བསྒྱུར་ལ་ངོ་རྒོལ་བྱས་ཏེ་མཐའ་མར་རྒྱ་དམར་གྱི་དྲག་གནོན་འོག་ང་རང་ཚོ་བོད་རིགས་སྤུན་ཟླ་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་ཤོར་ནས། བོད་ཀྱི་རྒྱལ་ས་ལྷ་ས་ཁྲག་གིས་དམར་པོར་བྱས་པའི་ལོ་རྒྱུས་ཀྱི་གོད་ཆགས་དེ་དྲན་པར་བྱེད་པའི་ཉིན་མོ་གཅིག་དང་། མ་ཟད་སྐབས་དེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་རེད། ཆོད་སེམས་རེད། བློས་གཏོང་རེད། དེ་བཞིན་ཁོང་ཚོའི་དགོས་འདུན་དང་འབོད་སྒྲ་དྲན་པར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཉིན་མོ་གཅིག་ཆགས་ཀྱི་ཡོད་རེད། དེར་བརྟེན་ང་ཚོས་ད་ལྟའི་ཚོགས་པ་སོ་སོའི་ལྟ་གྲུབ་དང་དགོས་དབང་ལ་བསྟུན་ནས་གསུམ་བཅུའི་དུས་དྲན་གྱི་ངོ་བོ་དང་བྱུང་རིམ། འབོད་སྒྲ་བཅས་པར་བསྒྱུར་བ་བཏང་ན་རྩ་བ་ནས་འགྲིག་གི་མ་རེད་བསམ་གྱི་ཡོད། དེ་ལྟར་ལོ་རྒྱུས་རང་བཞིན་གྱི་གནད་དོན་ལ་འགྱུར་བ་གཏོང་པའི་སྤོབ་པ་དང་གདེང་ཚོད་ཀྱང་མེད། འོན་ཀྱང་བུད་མེད་དང་དགུ་བཅུ་གསུམ་ལ་མཚོན་ན་ཚོགས་པའི་དམིགས་ཡུལ་ལངས་ཕྱོགས་ཀྱི་ཐོག་ནས་དཀའ་ངལ་ཞིག་ཡོད་སྲིད་པ་རེད། དེར་བརྟེན་ང་ཚོས་ཚང་མ་མཉམ་རུབ་ཀྱི་ཐོག་ནས་གོ་སྒྲིག་ཞུ་ཐུབ་པ་ཡོང་ཆེད་དུ་འབོད་ཚིག་དེ་ཡིག་ཐོག་ལ་ཕབ་མི་དགོས་པར་མི་མང་ལ་བཞག་ན་ཚང་མར་དཀའ་ངལ་མེད་པ་ཡོང་རྒྱུ་རེད་ཅེས་ཚོགས་པ་གསུམ་གྱིས་ངོས་ནས་བསམ་ཚུལ་གཏོན་པ་རེད། མཐར་བུད་མེད་དང་དགུ་བཅུ་གསུམ་གྱི་ངོས་ནས་འབོད་ཚིག་ཡིག་ཐོག་ལ་མ་ཕབ་པར་མི་མང་ལ་བཞག་ན་མཉམ་ཞུགས་བྱ་ཐུབ་ས་མ་རེད་ཅེས་ཕྱིར་འཐེན་པ་རེད་”ཅེས་གསུངས་སོང་།
སྤྱིར་བཏང་གསུམ་བཅུའི་དུས་དྲན་དེ་རང་བཙན་ལས་འགུལ་དང་། དབུ་མའི་ལམ་གྱི་ལས་འགུལ་གོ་སྒྲིག་ཅིག་མ་རེད། དེ་སྔོན་མའི་ལས་འགུལ་ཞིག་གི་དུས་དྲན་རེད། ཚོགས་པའི་ལྟ་བ་ལངས་ཕྱོགས་གང་ཡིན་ཡང་དེ་ལ་འབོད་ཚིག་གཏན་འབེབས་བྱས་ན་དཀའ་ངལ་ཡོད་མེད་དང་། དམིགས་བསལ་དྷ་སར་མི་མང་གིས་ཁྲོམ་སྐོར་སྐབས། རང་བཙན་སྐད་འབོད་བྱས་ནས། རྒྱ་ནག་ལ་གནོད་འགྲོ་བ་དང་། དབུ་མའི་ལམ་གྱི་སྐད་འབོད་བྱས་ནས་རྒྱ་ནག་གིས་དགའ་བསུ་བྱེད་པ་དེ་འདྲ་ཁག་པོ་རེད། ཅིག་བྱས་ན་ཧ་ཡང་གོ་ཡི་ཡོད་ཀྱི་མ་རེད། ཁྱེད་ཚོས་འབོད་ཚིག་གཏན་འབེབས་བྱེད་རྒྱུར་མོས་མཐུན་མ་ཐུབ་པ་དང་། གཙོ་བོ་ཚོགས་པ་ལྔ་མཉམ་འབྲེལ་མི་ཐུབ་དཀའ་ངལ་གང་ལ་ཐུག་ཡོད་རེད་དྲན་གྱི་འདུག་ཅེས་དྲིས་པར།
དྲུང་ཆེ་བསྟན་འཛིན་ལམ་བཟང་གིས་གསུང་དོན། “བྱེད་བབ་འདིས་སྤྱི་ཚོགས་ནང་གོ་བ་ལོག་པ་དང་། གླེང་ཕྱོགས་མི་ཡོང་བའི་ངེས་པ་མེད་ལ། རྒྱ་ཆེ་ས་ནས་བཤད་ན་གཞིས་ལུས་སྤུན་ཟླ་ཚོ་ཡང་བློ་མི་བདེ་བ་ཡོང་གི་རེད། དགོངས་པ་རྒྱ་ཆེན་པོ་བཞེས་དགོས་ཀྱི་འདུག་ཅེས་སྐབས་དེ་དུས་ང་ཚོས་འབོད་སྐུལ་ཡང་ཡང་ཞུས་པ་ཡིན། གང་ལྟར་ང་ཚོ་གཞོན་ནུ་དང་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་གྱི་ངོས་ནས་འབོད་ཚིག་ཡིག་ཐོག་ལ་ཕབ་དགོས་པ་གང་ཞིག་ལ་བོད་རང་བཙན་ཡིན་ཞེས་པ་བྲིས་མི་ཆོག་པ་དེ་ཁས་ལེན་བྱེད་ཐུབ་མེད་པ་དང། བུད་མེད་དང་དགུ་བཅུ་གསུམ་གྱི་ངོས་ནས་འབོད་ཚིག་མི་མང་ལ་འཇོག་རྒྱུར་མོས་མཐུན་གནང་མ་ཐུབ་པར་བརྟེན་མཐར་དགོངས་པ་ཞུས་པ་རེད། འོན་ཀྱང་འདི་ནི་ཚོགས་པ་སོ་སོའི་ངོས་ནས་དགག་བྱ་དང་དགོས་དབང་ཞིག་གིས་མཉམ་ཞུགས་མ་བྱས་པ་རེད་མ་གཏོགས་ང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་དབར་ཕན་ཚུན་མི་མཐུན་པ་དང། འགལ་ཟླ་ཡོད་པ། འཆམ་མཐུན་མེད་པ་ཞིག་རྩ་བ་ནས་མ་རེད། དེ་མི་མང་གི་ངོས་ནས་ཤེས་པ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་ཡོད། གང་ལྟར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཆར་གཞི་རྩའི་དམིགས་ཡུལ་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་ལ་དམིགས་པ་གཅིག་པ་ཡིན་པའི་ངོས་ནས་མ་འོངས་པར་སྐབས་དང་དུས་ལ་བསྟུན་ཏེ་ང་ཚོ་མཉམ་རུབ་ཀྱི་ལས་འགུལ་སྤེལ་ངེས་རེད། དེར་བརྟེན་ཅིག་བྱས་ན་ད་རེས་མི་མང་ལ་དོག་པ་རྣམ་རྟོག་ཞིག་ཡོང་ངེས་ཀྱང་བློ་བདེ་པོ་གནང་རོགས་ཞུ་འདོད་བྱུང་”ཞེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།