རྒྱ་ནག་གཞུང་འགྱུར་བ་མ་སོང་བར་ནང་ཁུལ་ལ་རྩོད་པ་བརྒྱབ་ནས་ཕན་ཐོགས་མེད།
ཟླ་འདིའི་ཚེས་༢༦ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་ནག་པེ་ཅིང་གི་དྲུག་བཞིའི་ལས་འགུལ་ནང་ཞུགས་མྱོང་མཁན་རཱོ་སི་ཐང་གིས་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༢༦ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་ནག་པེ་ཅིང་གི་དྲུག་བཞིའི་ལས་འགུལ་ནང་ཞུགས་མྱོང་མཁན་རཱོ་སི་ཐང་གིས་མི་མང་ལ་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་རྒྱ་ནག་གཞུང་འགྱུར་བ་མ་སོང་བར། བོད་མི་ཚོས་ནང་ཁུལ་དུ་རང་བཙན་དང་དབུ་མ་བརྩད་ནས་ཕན་ཐོགས་མེད་སྐོར་གསུངས་སོང་།
རྒྱ་རིགས་བུད་མེད་རཱོ་སི་ཐང་ནི་ད་ལྟ་ཨ་རིར་གནས་སྡོད་བྱས་ཡོད་པ་དང་། ཁོང་གིས་ཉེ་ཆར་བོད་མིའི་སྐོར་ལ་ཡོངས་ཁྱབ་འཕྲིན་ཡིག་ཅིག་བཀྲམ་སྟེ། བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་བསྟན་ཡོད་པ་རེད།
ཚོགས་འདུ་དེའི་སྐབས་ཁོང་གིས་བོད་ཆས་ཆ་ཚང་ཤིག་གྱོན་པ་དང་། མགོ་རས་དམར་པོ་ཞིག་བདམ་ཏེ་ཡོང་ཡོད་པ་དང་། དེ་ནི་ལས་འགུལ་གྱི་མཚོན་དོན་ཞིག་ཡིན་འདུག མི་མང་ཡང་གང་འཚམས་མང་པོ་སླེབས་འདུག གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་གཙོ་སྐྱོང་འོག་འཚོགས་ཏེ། ཪཱོ་སི་ཐང་གིས་ཁོང་གི་ནང་མིའི་སྐོར་དང་། དྲུག་བཞིའི་ལས་འགུལ་ནང་ཞུགས་པའི་བརྒྱུད་རིམ། རྗེས་སུ་བོད་ཀྱི་ཁམས་དང་ཨ་མདོའི་ས་གནས་ཁག་ཅིག་ཏུ་བསྐྱོད་པའི་མྱོང་ཚོར་སོགས་ངོ་སྤྲོད་བྱས་ཡོད་པ་རེད།
དེ་བཞིན་ཁོང་གིས་བོད་ནང་རྒྱ་ནག་གི་དྲག་གནོན་སྐོར་དང། བོད་མིའི་རང་ལུས་མེར་སྲེག་གིས་མཚོན་རྒྱ་རྒོལ་བྱས་པའི་བརྒྱུད་རིམ། བོད་མི་མང་གི་དཀའ་ངལ་སྐོར་ངོ་སྤྲོད་བྱས་པ་དང་། བོད་དོན་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་འབྲེལ་ནས་ཁོང་གིས་གསུང་དོན། “བོད་དོན་དེ་རྒྱལ་སྤྱིའི་ནང་འགྲེལ་བཤད་རྒྱག་ཐབས་དང་། གཙོ་བོ་བོད་དོན་རྒྱ་ནག་མི་མང་ནང་འགྲེལ་བཤད་རྒྱག་རྒྱུ་དེ་ངའི་ལས་ཀ་གལ་ཆེན་དུ་བརྩི་ཡི་ཡོད། མི་མང་བར་གྱི་འབྲེལ་བ་དེ་གལ་ཆེན་ཡིན་པ་དང་། རྒྱ་ནག་མི་མང་ཚང་མས་བོད་ཀྱི་གནས་ཚུལ་དེ་ཤེས་རྟོགས་བྱུང་ན། རྒྱ་ནག་གཞུང་ནུས་མེད་བཟོ་ཐུབ་ཀྱི་རེད་”ཅེས་དང་། ཡང་ཁོང་གིས། “རང་བཙན་དགོས་དང་དབུ་མ་དགོས་ནང་ཁུལ་རྩོད་པ་བརྒྱབ་ན་ཁེ་ཕན་ཡོད་པ་མ་རེད་ལ། རྒྱ་ནག་གིས་བཙན་འཛུལ་བྱས་པའི་འོག་ཏུ་ཡོད་པའི་སོག་པོ་དང་། ཏིར་ཀི་སི་ཐན་སོགས་གང་ཡིན་ཡང་། སྐད་ཆ་ཡག་པོ་བཤད་ནས་རྒྱ་ནག་གཞུང་འགྱུར་བ་འགྲོ་རྒྱུ་མིན་སྐོར་དང། རང་བཙན་བཤད་ནས་འགྱུར་བ་འགྲོ་རྒྱུ་མིན་སྐོར། རྒྱ་ནག་མི་མང་ལ་འབྲེལ་བ་བྱེད་རྒྱུ་གལ་ཆེ་སྐོར། རྒྱ་ནག་གཞུང་འགྱུར་བ་མ་སོང་བར་ནང་ཁུལ་རྩོད་པ་བརྒྱབ་ན་ཕན་ཐོགས་མེད་སྐོར་ཡང་གསུངས་སོང་།
དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་བརྗོད་པའི་སྐད་ཆ་སོགས་གནས་ལུགས་རྒྱུ་མཚན་མེད་པར། གད་མོ་སློང་བྱེད་ཀྱི་སྐད་ཆ་ཡིན་སྐོར། དེ་བཞིན་ད་ལྟ་ཁག་ཅིག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རེ་བ་བྱེད་ཀྱི་ཡོད་པ་དེ་ཡ་མཚན་པོ་ཡིན་སྐོར། ཁོང་ལ་མའོ་ཙེ་ཏུ་ཆུང་བ་དང་། ཧུ་ཐི་ལི་ཟེར་བ་སོགས་ཀྱི་མིང་འདོགས་བྱེད་ཀྱི་ཡོད་པ་རེད་ཅེས་ཁོང་གིས་ཡིད་ཆེས་བྱེད་ཀྱི་མེད་སྐོར་དང་། ཞི་ཅིན་ཕིན་གྱིས་སྲིད་དབང་སྐྱོང་སྟངས་ཀྱང་དྲག་གནོན་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
དེ་བཞིན་རཱོ་སི་ཐང་གིས་ཚོགས་ཞུགས་པའི་ཁྲོད་རང་བཙན་ལམ་དུ་བསྐྱོད་མཁན་སུ་ཡོད་ལག་པ་བཀྱགས་རོགས་འདྲི་སྐབས། ཁག་ཅིག་གིས་ལག་པ་བཀྱག་ཡོད་པ་དང་། དབུ་མའི་ལམ་དུ་བསྐྱོད་མཁན་སུ་ཡིན་འདྲི་སྐབས་ཀྱང་ཁག་ཅིག་གིས་ལག་པ་བཀྱག་ཡོད་པ་རེད། དེ་ནས་ཁོང་གིས་སོ་སོའི་ལུང་པ་ཕ་ཡུལ་དགོས་མཁན་སུ་ཡོད་ཅེས་འདྲི་སྐབས། མང་པོས་ལག་པ་བཀྱག་སྐབས། རཱོ་སི་ཐང་གིས། སོ་སོ་ལ་ག་རེ་དགོས་པ་དེ་གསལ་པོ་རེད། ལུང་པ་ཚང་མར་དགོས་ཀྱི་ཡོད་པ་རེད། དེའི་ཐོག་ནས་གསལ་པོ་ཆགས་ཀྱི་འདུག དེར་བརྟེན་སོ་སོར་གང་དགོས་པ་དེ་བཤད་ཐུབ་པ་དང་། རྩོད་ཐུབ་དགོས་སྐོར་ཡང་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།