ཀྲུའུ་ཝེ་ཆོན་གྱིས་དབུ་མའི་ལམ་མཚམས་འཇོག་དགོས་ཟེར།
ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་བླ་མས་སྡུག་སྤངས་དགེ་སྒྲུབ་ཀྱི་ལམ་ནས་རྒྱལ་ཁབ་ཁ་བྲལ་གྱི་ལངས་ཕྱོགས་མཚམས་འཇོག་དང་། མི་མགོ་སྐོར་གཏོང་བྱེད་ཀྱི་དབུ་མའི་ལམ་ཞེས་པ་མཚམས་འཇོག བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་རང་སྲེག་དང་གཏོར་བཤིག་གི་ལས་འགུལ་མཚམས་འཇོག་པའི་རེ་བ་ཡོད་ཅེས་བརྗོད་འདུག
ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་བླ་མས་སྡུག་སྤངས་དགེ་སྒྲུབ་ཀྱི་ལམ་ནས་རྒྱལ་ཁབ་ཁ་བྲལ་གྱི་ལངས་ཕྱོགས་མཚམས་འཇོག་དང་། མི་མགོ་སྐོར་གཏོང་བྱེད་ཀྱི་དབུ་མའི་ལམ་ཞེས་པ་མཚམས་འཇོག བོད་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་རང་སྲེག་དང་གཏོར་བཤིག་གི་ལས་འགུལ་མཚམས་འཇོག་པའི་རེ་བ་ཡོད་ཅེས་བརྗོད་འདུག
ཕྱི་ཟླ་༣ པའི་ཚེས་༡༡ ཉིན་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་ཆེན་ཐེངས་གསུམ་པའི་གསར་འགོད་ལྷན་ཚོགས་ཐོག རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བརྗོད་དོན། “ ཉེ་བའི་ལོ་ཤས་རིང་ཏཱ་ལའི་བླ་མ་རྒྱལ་སྤྱིའི་ཐོག་ཡང་ཡང་བསྐྱོད་བཞིན་ཡོད་ཀྱང་། ཁོང་མཇལ་མཁན་གྱི་མི་དང་ཁོང་གིས་ཐུག་འཕྲད་བྱ་སའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོའི་སྐོར་ལ་དོ་སྣང་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་རྒྱབ་སྐྱོར་དང་། བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་དོན་ཚན་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱས་ཡོད་སྟབས། བོད་ཀྱི་གནས་སྟངས་ཀྱང་བཟང་ནས་བཟུང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་ཏཱ་ལའི་བླ་མ་རྒྱལ་སྤྱིའི་ཐོག་རིན་ཐང་ཆུང་ནས་ཆུང་དུ་འགྲོ་བ་དང་། ཡང་ནས་ཡང་དུ་འགུལ་བསྐྱོད་མི་ཐུབ་པའི་རྩ་བའི་རྒྱུ་རྐྱེན་རེད།”
ཀྲུའུ་ཝེ་ཆོན་གྱིས་“ལོ་ཤས་སྔོན་ཏཱ་ལའི་བླ་མས་ད་དུང་ཁོང་གི་ཤུགས་རྐྱེན་བེད་སྤྱོད་དེ་བོད་ཁུལ་ས་ཆ་འགར་མི་ཁ་ཤས་རྒྱུད་སྐུལ་གྱིས་རང་སྲེག་བྱས་ཡོད་ཀྱང་། ད་ལྟ་མཐའ་ན་དེའང་སྒྲུབ་མི་ཐུབ་པར་གྱུར་ཡོད། མི་ཁ་ཤས་ཀྱིས་བཟང་ངན་མ་ཤེས་པར། གནས་སྟངས་དེ་ལྟ་བུའི་འོག་ད་དུང་ཏཱ་ལའི་བླ་མར་ཐུག་འཕྲད་དང་། ཁ་ལག་མཉམ་དུ་ཟ་བ་ནི་དོན་དངོས་སུ་ཁོང་ཚོས་ཁ་བྲལ་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞིང་། ལྷག་པར་དུ་རྒྱ་ནག་མི་དམངས་ཀྱི་སེམས་ལ་ཕོག་ཐུག་བཏང་ཡོད།”
ཀྲུའུ་ཝེ་ཆོན་གྱིས་བརྗོད་རྒྱུར། དབུས་གཞུང་གིས་ཏཱ་ལའི་བླ་མ་དང་ལྷན་དུ་ཁོང་སྒེར་གྱི་མདུན་ལམ་གནད་དོན་ཕུད་པའི་གཞན་བོད་ཆེན་པོ་ཞེས་པ་དང་། ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བ། བོད་ཀྱི་ལོ་རྒྱུས་ཀྱི་གོ་གནས་དང་ད་ལྟའི་གནས་སྟངས་སོགས་གང་གི་ཐོག་ལའང་གྲོས་མོལ་བྱ་མི་སྲིད།
དེ་བཞིན་ཀྲུའུ་ཝེ་ཆོན་གྱིས་ཏཱ་ལའི་བླ་མས་ཡང་སྲིད་ལམ་ལུགས་མཚམས་འཇོག་བྱ་རྒྱུའི་སྐོར་བརྗོད་པ་དེས། ཆབ་སྲིད་དང་ཆོས་ལུགས་གཉིས་ཀར་རྒྱལ་འགལ་བྱས་ཡོད་ཟེར།
“ཏཱ་ལའི་བླ་མས་བསྐྱར་དུ་ཡང་སྲིད་འཁྲུངས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་ནི་དོན་དངོས་སུ་གཡོ་སྒྱུ་ཞིག་རེད། གང་ལགས་ཤེ་ན། བཙན་བྱོལ་བོད་གཞུང་ཟེར་བའི་འགོ་ཁྲིད་རྣམས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་མུ་མཐུད་གནས་པ་དང་། ཡང་སྲིད་མུ་མཐུད་འཁྲུངས་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པས་དེའི་ཐོག་ལ་སྐྱོན་བརྗོད་གང་ཡང་བྱས་མེད། དེར་བརྟེན་དོན་དངོས་སུ་དེ་ནི་ཟློས་གར་ཞིག་འཁྲབ་པ་དང་འདྲ་བར། གླེང་གཞི་དེ་བེད་སྤྱོད་ནས་དབུས་གཞུང་མགོ་སྐོར་དང་། འཛམ་གླིང་མི་མང་མགོ་སྐོར། རུ་ཚོགས་(དབུས་བོད་མིའི་སྒྲིག་འཛུགས་)ཀྱིས་མུ་མཐུད་དུ་ཏཱ་ལའི་བླ་མའི་མིང་སྟངས་འཛིན་ཐུབ་པ་བྱས་ཏེ། ཁོང་ཚོའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ངན་ཇུས་ལ་ཞབས་ཞུ་སྒྲུབ་ཆེད་རེད།”
སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་སྲིད་གཞུང་གིས་ཉེ་བའི་ཆར་མི་རིགས་སྲིད་ཇུས་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་སྲིད་མིན་སྐོར་དྲིས་སྐབས། ཀྲུའུ་ཝེ་ཆོན་གྱིས་“རྒྱ་ནག་གསར་པ་དབུ་བརྙེས་ཏེ་མི་ལོ་༦༠ ལྷག་རིང་ལག་བསྟར་གྱིས་བདེན་དཔང་བྱས་པ་བཞིན། རྒྱ་ནག་གི་མི་རིགས་སྲིད་ཇུས་སྤྱིའི་ཆ་ནས་ཡང་དག་པ་དང་། ལམ་ལྷོངས་བྱུང་བ། མི་རིགས་སྲིད་ཇུས་ཀྱི་གྲངས་ཉུང་མི་རིགས་ཀྱི་རང་ཁྱིམ་རང་བདག་དང་། དཔལ་འབྱོར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྲུང་སྐྱོབ་ཀྱི་རེ་འདུན་བཅས་བསྐངས་ཡོད་པ་མ་ཟད། དེ་དང་དུས་མཚུངས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མངོན་འགྱུར་བྱུང་ཡོད་”ཅེས་སོགས་བརྗོད་དེ། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་སྔ་ཕྱིར་བར་གསུམ་དུ་སྐྱོན་འཛུགས་དང་། དམའ་འབེབས་བྱེད་བཞིན་པའི་ཚིག་བརྗོད་དག་བསྐྱར་ཟློས་བྱས་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།