རང་དབང་གི་རྡུལ་ཕྲན།
ཕྱི་ལོ་༢༠༠༩ལོར། ང་ཁྲུའུ་ཧྥུ་ཁྲི་གཙུག་ལག་སློབ་ཁང་དུ་ “ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བ་” ཟེར་བའི་ཟབ་སྦྱོང་ཞིག་ལ་ཉམས་ཞུགས་བྱས་བ་ཡིན། ཟབ་སྦྱོང་དེར་དཀའ་ངལ་འོག་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་འཛུལ་ཞུགས་པ་ལྔ་བཅུ་ལྷག་འདུག
བསྟན་འཛིན་རྡོ་རྗེ།(བསྟན་རྡོར།)
ཕྱི་ལོ་༢༠༠༩ལོར། ང་ཁྲུའུ་ཧྥུ་ཁྲི་གཙུག་ལག་སློབ་ཁང་དུ་ “ཐབས་ཇུས་ལྡན་པའི་འཚེ་མེད་ཞི་བ་” ཟེར་བའི་ཟབ་སྦྱོང་ཞིག་ལ་ཉམས་ཞུགས་བྱས་བ་ཡིན། ཟབ་སྦྱོང་དེར་དཀའ་ངལ་འོག་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་འཛུལ་ཞུགས་པ་ལྔ་བཅུ་ལྷག་འདུག ཟབ་སྦྱོང་དེ་འཚེ་མེད་ཞི་བའི་འགོག་རྒོལ་སྐོར་གྱི་མཁས་པ་དང་ལས་འགུལ་བ་ཟུར་བ་འགས་བཀོད་སྒྲིག་བྱས་བ་ཞིག་ཡིན་ཞིང་། ཟབ་སྦྱོང་གི་སྐབས་སུ་ཨེ་རྗིབ་གྱི་ཕོ་སར་ཞིག་གིས་ང་ཚོས་བསླངས་བའི་འཚེ་མེད་ཞི་བའི་ཐབས་ཇུས་དང་ཐབས་ལམ་སོགས་གཅིག་ཀྱང་ཨེ་རྗིབ་ཏུ་བེད་སྤྱོད་གཏོང་ཐུབ་གི་མ་རེད་ཅེས་ཡང་ནས་ཡང་དུ་གསུངས་སོང་།
ཁོང་གིས་བརྗོད་དོན། མུའུ་བྷ་ར་ཁུ་ཡི་སྲིད་གཞུང་ནི་ཧ་ཅང་གདུག་རྩུབ་ཅན་ཞིག་རེད། ཨེ་རྗིབ་པ་རྣམས་ཧ་ཅང་བཙན་གནོན་གྱི་འོག་ཏུ་ཡོད་པ་མ་ཟད་། འགོག་རྒོལ་གྱི་ལས་འགུལ་ཆུང་ཚགས་རིགས་སྤེལ་བའི་གོ་སྐབས་ཀྱང་ཡོད་མ་རེད། ཨེ་རྗིབ་ནི་འཛམ་གླིང་སྟེང་གི་གཉའ་གནོན་ཆེ་ཤོས་ཀྱི་དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་དེ་རེད་ཅེས་གསུངས་སོང་།
བར་གསེང་གི་སྐབས་སུ་ང་ཁོང་གི་རྩར་བཅར་ནས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱས་བ་ཡིན། ང་བོད་མི་ཡིན་པ་ཤེས་འཕྲལ། ཁོང་གིས་འཕྲལ་དུ་ངའི་ལག་པར་འཇུས་ནས་བཟོད་གསོལ་གྱི་ངང་ནས། བོད་ནི་ཨེ་རྗིབ་དང་གཅིག་པ་རེད། བོད་དང་ཨེ་རྗིབ་གཉིས་ཀ་འཛམ་གླིང་སྟེང་གི་གཉའ་གནོན་ཆེ་ཤོས་ཀྱི་ས་ཁུལ་གཉིས་རེད་ཅེས་གསུངས་སོང་།
གླེང་མོལ་དེ་བྱུང་བའི་ལོ་དེ་རང་ལ། ཟབ་སྦྱོང་གི་སྐབས་སུ་ང་ཚོའི་གྲོགས་པོས་ཡོང་གི་མ་རེད་ཟེར་བའི་འཚེ་མེད་ཞི་བའི་ཐབས་ཇུས་དེ་དག་བེད་སྤྱོད་བཏང་ནས་ཨེ་རྗིབ་པ་རྣམས་ཀྱིས་མུའུ་བྷ་ར་ཁུ་ཡི་སྲིད་གཞུང་མགོ་རྟིང་བསློགས་པ་རེད། ང་རང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། སོ་སོ་ལས་གཞན་སུ་གང་ལ་ཡང་བཙན་གནོན་བྱུང་མེད་བསམ་པ་དེ་གཉའ་གནོན་གི་འོག་ཏུ་ལྷུང་བའི་མི་ཚང་མར་གཅིག་མཚུངས་སུ་ཡོད་པ་འདྲ། བོད་ཀྱི་གནས་སྟངས་ལ་མཚོན་ན་ཡང་། ཚོར་བ་འདི་གཅིག་མཚུངས་སུ་ཡོད་པ་མ་ཟད་དེ་སྙན་ཐོ་ཁག་གིས་གསལ་སྟོན་ཡང་བྱེད་ཀྱི་ཡོད།
འགྲོ་བ་མིའི་ཐོབ་ཐང་ལ་ལྟ་རྟོག་མཁན་ཨ་རིའི་ “རང་དབང་ཁང་པས་” འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཁོངས་ཀྱི་རང་དབང་དང་གཉའ་གནོན་གཉིས་ཀྱི་གནས་སྟངས་ཚད་འཇལ་གྱི་ཡོད་ཅིང་། ཁོང་ཚོས་ལོ་ཉི་ཤུ་ལྷག་རིང་མུ་མཐུད་ནས་བོད་དེ་བཙན་གནོན་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པར་ངོས་ལེན་དང་ཆ་འཇོག་བྱས་ཡོད། ཁོང་ཚོས་སྤྱི་མང་རང་དབང་དང་ཆབ་སྲིད་ཐོབ་ཐང་གཉིས་ཚད་འཇལ་བྱས་ནས་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་ལ་ཨང་ཀི་བདུན་དང་གནས་སྟངས་ཡག་ཤོས་ཀྱི་རྒྱལ་ཁབ་ཨང་ཀི་གཅིག་སྤྲོད་ཀྱི་ཡོད་ཅིང་། འདས་པའི་མི་ལོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ལ། བོད་དེ་ཆབ་སྲིད་ཐོབ་ཐང་དང་སྤྱི་མང་རང་དབང་ཐད་ཨང་ཀི་བདུན་སྤྲད་ཡོད་ཅིང་། བྱང་ཀོ་རི་ཡ་དང་གཅིག་པར་བཞག་ཡོད།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་ཧ་ཅང་སྡུག་དྲག་པའི་རྒྱུ་མཚན་གྱིས། མི་མང་པོའི་བསམ་པར་འགོག་རྒོལ་གྱི་རིགས་གང་ཡང་བོད་ནང་དུ་ཡོང་སྲིད་ཀྱི་མ་རེད་བསམ་གྱི་ཡོད་པ་རེད། ད་དུང་མི་ཁ་ཤས་ཀྱི་བསམ་པར། སར་རྦིས་ཡ་(Serbia)དང་ཀྲོ་ནེས་ཤི་ཡ་(Tunisia)གཉིས་ཀྱི་ཁོངས་སུ་གྲུབ་འབྲས་བྱུང་ཡོད་མེད་ལ་མ་བལྟས་པར། དབང་ཆ་གཅིག་སྡུད་རིང་ལུགས་ཅན་གྱི་རྒྱལ་ཁབ་བྱང་ཀོ་རི་ཡ་དང་བོད་ལྟ་བུར་འཚེ་མེད་ཞི་བའི་འགོག་རྒོལ་ཡོང་མི་སྲིད་པ་རེད་བསམ་གྱི་ཡོད། ཁོང་ཚོའི་རྒྱུ་མཚན་ནི། དབང་ཆ་གཅིག་སྡུད་ཅན་གྱི་རྒྱལ་ཁབ་ཁག་ཏུ་འགོག་རྒོལ་རིགས་བཀོད་སྒྲིག་བྱེད་རྒྱུའི་གོ་སྐབས་མེད་པ་མ་ཟད་། ལྷག་པར་དུ་། ལས་འགུལ་གྱི་རིགས་གང་ཡིན་རུང་གོ་སྐབས་རྩ་བ་ནས་མེད་བསམ་གྱི་ཡོད་པ་རེད།
གང་ལྟར། དོན་དངོས་ནི་གོ་སྐབས་རྩ་བ་ནས་མེད་པའི་ཁོར་ཡུག་དེ་འདྲ་ཞིག་ཡོད་པ་མ་རེད། དབང་ཆ་གཅིག་སྡུད་ཧ་ཅང་ཤུགས་ཆེ་བའི་སྤྱི་ཚོགས་སམ་ཡང་ན་སྡུག་རྩུབ་ཅན་གྱི་སྲིད་གཞུང་སོགས་ཇི་འདྲ་ཞིག་གི་འོག་ཏུ་ཡང་། སྲིད་གཞུང་གི་སྟངས་འཛིན་ལས་བརྒལ་ཞིང་གཏོར་བཤིག་དཀའ་བའི་རང་དབང་གི་རྡུལ་ཕྲན་དག་ཡོད་པ་རེད། གསར་བསྐྲུན་གྱི་ནུས་པ་ལྡན་པའི་འཚེ་མེད་ཞི་བའི་འགོག་རྒོལ་གྱི་ལས་འགུལ་བ་རྣམས་ཀྱིས་མར་འཕྲི་དཀའ་བའི་རང་དབང་འདི་དག་བེད་སྤྱོད་བཏང་ནས་སྟོབས་ཤུགས་བསྐྲུན་ཏེ་མི་ཚེའི་འཆར་ཅན་གྱི་བྱེད་སྒོ་དག་དོན་སྙིང་ལྡན་པའི་འགོག་རྒོལ་གྱི་བྱ་སྤྱོད་ལ་བསྒྱུར་ཡོད་པ་རེད།
གཅོག་འཕྲི་དཀའ་བའི་རང་དབང་གི་རྡུལ་ཕྲན་རྣམས་གང་དང་གང་རེད་དམ།
དཔེར་ན། ཁྱེད་ཀྱིས་ཅི་ཞིག་ཟ་བ་དེ་ནི་སྒེར་གྱི་གདམ་ཀ་ཡིན་ཞིང་། སྲིད་གཞུང་གིས་དབང་ཡོད་ཀྱིས་སྟངས་འཛིན་བྱེད་རྒྱུ་ཁག་པོ་རེད། ཅི་ཞིག་ཟ་མི་ཟ་དེ་ལ་སུ་གང་གིས་ཇུས་གཏོགས་ཡོད་མ་རེད་། ལྷག་པར་དུ། དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་གིས་ཀྱང་ཁྱོད་ཀྱིས་ཞོགས་ཇ། དགོང་ཚིགས། གུང་ཚིགས་སོགས་ཅི་ཞིག་ཟ་མིན་གྱི་ཐད་ལ་ཐེ་གཏོགས་བྱེད་པའི་ནུས་པ་ཡོད་མ་རེད། རྒྱ་ནག་གཞུང་གིས་བོད་མི་ཞིག་གིས་རྩམ་པ་ཟོས་བའི་ཉེར་ལེན་ལ་བརྟེན་ནས་བཙོན་འཇུག་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལས་བོད་མི་དེས་རྩམ་པའི་དགེ་མཚན་ལ་བསྟོད་བསྔགས་བྱེད་པ་གཞི་རྩར་བཟུང་ནས་བཙོན་ལ་འཇུག་པ་ལས་སླ་སྲིད། གང་ལྟར། རྩམ་པ་ཟ་བ་དང་རྩམ་པའི་གལ་ཆེའི་རང་བཞིན་ཆེད་བརྗོད་བྱེད་པ་གཉིས་ལ་ཁྱད་པར་ཆེ། ཁྱད་པར་ནི་རྒྱུ་སྐར་གྱི་འཁོར་ལམ་ཕྲ་མོ་ལྟ་བུ་ཞིག་ཡིན་ཞིང་དེ་རུ་རང་དབང་གི་རྡུལ་ཕྲན་དག་འཁོར་བསྐྱོད་བྱེད་ཐུབ།
ཁྱིམ་དུ་སྐད་ཡིག་ཅི་ཞིག་སྤྱོད་པའི་སྐོར་དཔེ་བཞག་ན། སྲིད་གཞུང་གིས་སློབ་གྲྭ་རུ་སློབ་ཕྲུག་རྣམས་ལ་ཁྱབ་ཆེ་བའི་སྐད་ཡིག་དེ་བེད་སྤྱོད་གཏོང་གི་འཇུག་ཐུབ། ཡིན་ན་ཡང་། ཁྱིམ་དུ་དེ་དང་གཅིག་མཚུངས་མིན། སྔ་མ་དེ་ནི་སྲིད་ཇུས་གྱིས་གཏན་འབེབས་བྱས་པ་རེད་ལ་ཕྱི་མ་དེ་ནི་གདམ་ཀ་ཅན་རེད། ལྷག་པར་དུ་། ཕྱི་མ་ནི་སྒྲིག་འཛུགས་ཀྱི་ཁོངས་སུ་མེད་པ་མ་ཟད་སྲིད་གཞུང་གི་སྟངས་འཛིན་གྱི་ཕྱི་རོལ་ཏུ་ཡོད། ཁྱིམ་དུ་སྐད་ཡིག་གང་ཞིག་སྤྱོད་པའི་གདམ་ཀའི་ཐད་ལ་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་ཤུགས་རྐྱེན་ཡོད་མེད་ལ་མ་ལྟོས་པར། མཐར་ཐུག་ན་སོ་སོའི་བུ་ཕྲུག་གི་མཉམ་དུ་སྐད་ཡིག་ཅི་ཞིག་བེད་སྤྱོད་གཏོང་མིན་ནི་ཕ་མའི་ཐག་གཅོད་ཡིན། སྒེར་གྱི་གདམ་ཀ་འདི་དྲན་ཤེས་བསྟེན་བཞིན་བེད་སྤྱོད་བཏང་བ་ཡིན་ན། འགོག་རྒོལ་གྱི་འགྲོ་སོང་ཉུང་བའི་ཐོག་ནས་མཉམ་འདུས་ཀྱི་རང་དབང་ཡར་རྒྱས་གཏོང་བར་ལག་ཆ་གལ་ཆེན་ཞིག་ཆགས་ཐུབ།
ཆབ་སྲིད་ཀྱི་ཁོར་ཡུག་གང་རུང་དུ་། འགན་ལ་གཡོལ་བ་ནི་(འདིའི་ཁོངས་སུ་སྲིད་གཞུང་གི་སྒྲིག་འཛུགས་ལ་མི་འཛུལ་བ་དང་རྒྱ་ནག་གི་རྒྱལ་དར་མི་འཕྱར་བ། རྒྱ་མི་དང་ལྷན་དུ་ཚོང་མི་རྒྱག་པ་སོགས་འདུས)འགན་ཁུར་བ་(འདིའི་ཁོངས་སུ་སྲིད་གཞུང་ལ་འབོད་སྐུལ་བྱེད་པ་དང་རྔམ་སྟོན་ཁྲོམ་སྐོར་ནང་འཛུལ་ཞུགས་བྱེད་པ། ཟས་བཅད་ངོ་རྒོལ་བྱེད་པ་སོགས་འདུས།) ལས་ཉེན་ཁ་ཆུང་བ་ཡོད། འདི་ཡིས་ཅི་ཞིག་བརྗོད་ཀྱི་ཡོད་རེད་ཅེ་ན། བོད་ལྟ་བུའི་ས་ཁུལ་དུ་ངོ་རྒོལ་དང་ཐེ་ཇུས་བྱེད་པའི་ལས་འགུལ་ལས་མཉམ་ལས་སྤོང་བའི་ལས་འགུལ་ལ་གོ་སྐབས་ཆེ་བ་ཡོད་པ་སྟོན། ང་ཚོས་དགག་ཕྱོགས་ཀྱི་ལས་འགུལ་ལས་སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་བར་གོ་སྐབས་མང་བ་ཡོད་རེད། དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་གིས་ཀྱང་ཕྱི་མ་དེ་ཉེན་ཁ་ཆེ་བ་མཐོང་གི་ཡོད་པ་མ་ཟད་དེ་ངོས་འཛིན་དང་གཉའ་གནོན་བྱེད་སླ་བ་མཐོང་གི་ཡོད། དོན་ཕན་ལྡན་པའི་བྱ་སྤྱོད་(Constructive actions)ནི་གཞི་གཅིག་ལ་མིན་པར་ཁ་བཀྲམས་ནས་ཡོད་ཅིང་། དེ་ནི་ཁྲིམས་མཐུན་གྱི་སྒོ་ནས་གློ་བུར་དུ་མེད་བརླག་བྱེད་རྒྱུ་དཀའ་མོ་རེད།
བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱི་ལམ་སྟོན་ལྟར། ངས་ཉེ་ཆར་ཉོས་བའི་གྷན་རྡི་ཡི་དེབ་ཆུང་ “སྒྲུབ་ཕྱོགས་ཀྱི་ལས་འགུལ།” (Constructive Programmes)ཟེར་བ་དེ་ནི། བོད་ནང་དུ་དོན་ཕན་ཅན་གྱི་བྱ་སྤྱོད་གང་དག་སྤེལ་ཐུབ་མིན་གྱི་ཐད་ལ་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་རེད་འདུག རྒྱ་གར་ལ་མཚོན་ན། གཞི་རྒྱ་ཆེ་བའི་མི་མང་གིས་བཀའ་བརྩི་དང་ལེན་མི་བྱེད་པའི་ལས་འགུལ་དེ་གནས་སྟངས་དང་མི་འཚམ་པའི་དུས་ཚོད་ཀྱི་སྐབས་སུ། གྷན་རྡི་ཡིས་དོན་ཕན་ལྡན་པའི་བྱ་བཞག་འགའ་ཤས་ཤིག་སྲིད་གཞུང་གི་སྟངས་འཛིན་མེད་པའི་ཐོག་ནས་གྲོང་གསེབ་དང་གྲོང་ཁྱེར་དུ་འགོ་བརྩམས་པ་རེད། གྷན་རྡི་ཡིས་འགོ་བརྩམས་པའི་ལས་འགུལ་དེ་དག་ནས་གཙོ་བོ་ཁག་ནི་རིགས་དམན་པར་ལག་པ་མི་འཆང་བའི་སྲོལ་ངན་འདོར་བ་དང་ཆོས་ལུགས་ཀྱི་འཚེ་བ་དོར་བ་སོགས་ཀྱིས་ང་ཚོར། རྒྱ་གར་གྱིས་ཕྱི་རྒྱལ་བའི་བཙན་འཛུལ་ཕམ་པར་རྒྱག་པར་འཐབ་རྩོད་བྱེད་བཞིན་པའི་སྐབས་ཀྱི་ནང་ཁུལ་གྱི་རྩོད་རྙོག་ཆེ་བའི་རིགས་ཀྱི་སྣང་ཚུལ་ཞིག་སྤྲོད་གི་རེད། ང་ཚོའི་ནང་ཁུལ་གྱི་རྩོད་རྙོག་རིགས་སྟེ། དཔེར་ན། གྲུབ་མཐའི་འཐེན་འཁྱེར་དང་ལམ་དབུ་མ་དང་ས་ཁུལ་དབར་གྱི་འཐེན་འཁྱེར་རྩོད་རྙོག་སོགས་ནི་རྒྱ་གར་དང་བསྡུར་ས་མེད་པ་ལྟ་བུ་རེད།
ད་དུང་དེ་ལས་གལ་ཆེ་བ་ཞིག་ལ། དེབ་ཆུང་དེའི་ཁྲོད་དུ་བླངས་བྱ་མང་པོ་ཡོད་ཅིང་། དཔེར་ན། ཁ་རྡིས་(khadi)ལྟ་བུ་སྟེ་གྲོབ་གསེབ་རང་སྐྱོང་དང་སྐད་ཡིག། ན་གཞོན་གྱི་ཤེས་ཡོན་གོང་སྤེལ་སོགས་ནི་ང་ཚོས་རང་གི་གནས་སྟངས་ལ་ཡང་བེད་སྤྱོད་གཏོང་ཐུབ། དོན་དངོས་སུ། བོད་ནང་གི་གྲོང་གསེབ་མང་པོར་བོད་ལྭ་གྱོན་པ་དང་རྩམ་པ་ཟ་བ། བོད་ཡིག་སྦྱངས་བ་སོགས་ནི་དཔེ་གསར་ལྟ་བུ་ཆགས་ཡོད། ད་དུང་གྲོང་གསེབ་ཁ་ཤས་ཀྱི་ནང་དུ། ཨ་མ་ལོ་ན་བརྒྱད་བཅུར་སོན་པ་ཚོ་ཡང་འཛིན་གྲྭར་སོང་ནས་བོད་ཡིག་སྦྱོང་གི་ཡོད། དེ་ནི་བོད་མི་རྣམས་ཀྱིས་ན་གཞོན་གྱི་ཤེས་ཡོན་གོང་སྤེལ་གྱི་ལྟ་ཚུལ་དེ་བླ་ལྷག་ཏུ་འཛིན་གྱི་ཡོད་ཅིང་གྷན་རྡི་ཡིས་དེ་མཐོང་ན་དགའ་བ་སྒོམ་གི་རེད་སྙམ།
སྡུག་རྩུབ་ཅན་གྱི་དབང་འཛིན་པའི་འོག་ཏུ་ཡང་དེ་ལྟ་བུའི་དཔེ་མཚོན་མང་པོ་ཡོད་ཅིང་། བོད་མི་རྣམས་ཀྱིས་ཀྱང་འགོག་རྒོལ་ལ་གོ་སྐབས་འཚོལ་གྱི་ཡོད་མོད། དེ་ནི་བབས་བསྟུན་གྱི་རང་དབང་རྡུལ་ཕྲན་རེད། སོ་སོའི་ཁྱིམ་དང་ཟ་བཅའ་སོགས་འགོག་རྒོལ་གྱི་གཡུལ་ས་ལྟ་བུར་བརྩིས་ནས། བོད་མི་རྣམས་ཀྱིས་ཚད་བཀག་ཅན་གྱི་སྒེར་བའི་གདམ་ཀ་དང་ཉིན་རེའི་བྱེད་སྒོ་དག་རྩབས་ཤིང་ལྟར་བེད་སྤྱོད་བཏང་ནས་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་བར་སྟོང་ཆེ་ཙམ་ཕྱེ་བར་འབད་ཀྱི་ཡོད།
སྙིང་སྟོབས་ཅན་གྱི་བོད་པའི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བྲིས་པའི་ “བོད་ཀྱི་འབོད་སྒྲ་” ཟེར་བའི་དེབ་དེའི་ནང་དུ། ཁོང་གིས་བོད་ནང་དུ་གྲོང་གསེབ་རང་སྐྱོང་གི་ཐབས་ཇུས་ཀྱི་ནུས་པ་དང་གོ་སྐབས་སྐོར་གླེང་འདུག ངས་ཁོ་མོའི་སྐད་ཆས་མཇུག་བསྡུ་བར་འདོད། དེ་ནི་གཅིག་བྱས་ན་མ་འོངས་ལུང་བསྟན་ཡིན་སྲིད།
ཁོ་མོས་གསུངས་དོན། “ངའི་བསམ་ཚུལ་དུ། གྲོང་གསེབ་རང་སྐྱོང་གི་བོད་དོན་སེལ་ཐབས་ནི། གྲོང་གསེབ་རེ་རེའི་མཉམ་ཞུགས་ལ་བརྟེན་ནས་གྲོང་གསེབ་རྣམས་ཀྱིས་སོ་སོ་འཛིན་སྐྱོང་བྱེད་ཐུབ། མི་མང་རྣམས་པེ་ཅིང་དང་རྡ་སའི་དབར་གྱི་རྫོགས་རྒྱུ་མེད་པ་དང་གྲུབ་འབྲས་མེད་པའི་འབྲེལ་མོལ་ལ་རེ་རྒུག་བྱེད་པ་ལས། སོ་སོས་ལས་སོ་སོས་བསྐྲུན་པའི་ནུས་པ་བརྙེད་སྲིད།”