རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་ཐོག་བོད་ཀྱི་སྐོར་ལ་གྲོས་ཆོད།
ཟླ་འདིའི་ཚེས་༨ ཉིན་དྷ་ས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པའི་ཐོག་བོད་ཀྱི་རྩོམ་པ་པོ་ཆབ་སྲིད་བཙོན་པའི་སྐོར་ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།
ཟླ་འདིའི་ཚེས་༨ ཉིན་དྷ་ས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པའི་ཐོག་བོད་ཀྱི་རྩོམ་པ་པོ་ཆབ་སྲིད་བཙོན་པའི་སྐོར་ལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེའི་ཐོག་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། འདི་ལོའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་དེ་ཕྱི་ཟླ་༩ ཚེས་༢༩ ནས་ཕྱི་ཟླ་༡༠ པའི་ཚེས་༢ བར་ཉིན་བཞིའི་རིང་། ཁིར་གྷི་སི་ཐན་རྒྱལ་ཁབ་(Kyrgyzstan)ཀྱི་རྒྱལ་ས་བྷི་ཤཱི་ཀེག (Bishkek) ཏུ་འཚོགས་པ་དང་། སྐབས་དེར་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། དྲུང་ཆེ་གཡུ་སྒང་འོད་ཟེར། ཤེེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་བཅས་མཉམ་ཞུགས་བྱས་ཡོད་པ་རེད།
རྒྱལ་སྤྱིིའི་པེན་གྱི་ཚོགས་གཙོ་སོགས་རྒྱུན་ལས་རྣམས་དང་། དེ་བཞིན་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དབུས་ལས་ཁུངས་ཀྱི་ལས་བྱེད། རྒྱལ་སྤྱིའི་པེན་གྱི་སྡེ་ཚན་ཁག་བཞིའི་འགན་འཛིན་རྣམ་པ།དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མ་འདྲ་བའི་རྩོམ་པ་པོའི་མཐུན་ཚོགས་ཁག་བརྒྱད་ཅུའི་སྐུ་ཚབ་རྩོམ་པ་པོ་ཉིས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་ཅིང། དེའི་ནང་ནས་རྒྱ་ནག་པེ་ཅིང་ནས་སྐུ་ཚབ་མི་གཉིས་ཚོགས་ཞུགས་བྱས་ཡོད་པ་རེད།
ཚོགས་ཐོག་ཏུ་བོད་ནང་གི་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་སྐོར། བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་བཅས་གླེང་སློང་དང་། དེ་བཞིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་དོན་སྐོར་ལ་གལ་ཆེའི་གྲོས་ཆོད་ཅིག་བཞག་ཡོད་པ་རེད།
ཚོགས་ཆེན་ཐོག་རྒྱ་ནག་དང་། བྱང་ཀོ་རི་ཡ། ཨེ་རན། སི་རི་ཡ། མེག་སི་ཁོ་སོགས་སྨྲ་བརྗོད་རང་དབང་མེད་པའི་ལུང་པ་ཁག་ཉེར་གསུམ་ཐོག་ལ་གྲོས་ཆོད་བཞག་ཡོད་པའི་ཁོངས་སུ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གྲོས་གཞི་བཏོན་པ་ལྟར། བོད་ནང་གི་སྨྲ་བརྗོད་རང་དབང་སྐོར་དང་། བཙོན་འོག་རྩོམ་པ་པོ་དང་ཤེས་ཡོན་ཅན་གློད་གྲོལ་དགོས་པ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང་སྤྲོད་དགོས་ཚུལ་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།
གྲོས་ཆོད་ནང་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ བར་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་ ༧༩ འཚོགས་རྗེས། བཙོན་འོག་ཏུ་ཡོད་པའི་བོད་མི་རྩོམ་པ་པོ་ཇོ་ལེབ་ཟླ་བ་དང་། ཀུན་དགའ་ཚངས་དབྱངས། བཀྲ་ཤིས་རབ་བརྟན། (ཐེའུ་རང་།) བུད་ངྷ་། འཇང་རྩེ་དོན་ཁོ་(གཉན)བཅས་བཙོན་འཇུག་དུས་བཀག་ཟིན་རྗེས་ཀློད་གྲོལ་བཏང་བར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་ཕྱི་ལོ་ ༢༠༡༤ ལོར་ཁམས་ནགས་ཤོད་འབྲི་རུ་ནས་ཡིན་པའི་བོད་མི་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་(ཞོགས་དྲིལ།)དང་། གཡུ་རྒྱལ་གཉིས་ལ་ཞི་བའི་ལམ་ནས་རིག་གཞུང་འཐབ་རྩོད་ཀྱི་བྱེད་སྒོ་སྤེལ་བའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་བཅུ་གསུམ་དང་བཅུའི་ཁྲིམས་ཐག་བཅད་ཡོད་སྐོར་དང་འབྲེལ། ༡ ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་རྩོམ་ཡིག་སོགས་སྤེལ་བར་བརྟེན་ནས་བཙོན་འཇུག་བྱས་པའི་བོད་མི་ཤེས་ཡོན་ཅན་དང་། རྩོམ་པ་པོ། སྒྱུ་རྩལ་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མྱུར་དུ་གློད་གྲོལ་དང་། དེ་དག་ལ་མནར་གཅོད་གཏོང་མཚམས་འཇོག་དགོས།
༢ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ནང་གཏན་འབེབས་བྱས་པའི་ཐོབ་ཐང་ཁག་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་ལོངས་སུ་སྤྱོད་ཆེད། རྒྱ་ནག་གཞུང་གིས་ཁོང་ཚོའི་བསམ་ཚུལ་དང་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་སྤྲོད་དགོས།
༣ རྩོམ་པ་པོ་རྣམས་ཚུད་པའི་བོད་མི་ཚོར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཕན་ཚུན་འབྲེལ་གཏུག་དང་། སློབ་ཁྲིད་ཀྱི་ཐོབ་ཐང་། ནང་ཆོས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་ཁག་སློབ་གཉེར་བྱེད་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས་སྐོར་བཅས་འཁོད་ཡོད་པ་རེད།
ཚོགས་ཆེན་དེའི་ཐོག་གྲོས་ཆོད་བཞག་པ་ཁག་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས་རྒྱལ་ཚོགས་ནང་དུ་ཁྱེར་ནས་གླེང་སློང་ཐུབ་ཀྱི་ཡོད་སྐོར་ཡང་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོ་ཟེར།