ཁྲིམས་ཞིབ་ཁང་གི་དབང་ཤུགས།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་ཚང་བ་ཞིག་ཡོང་ཆེད་དུ་དམིགས་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དགོས་པའི་ཆ་རྐྱེན་བསྐྲུན་པ་ནས་བཟུང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༨ ཕྱི་ལོ་ ༢༠༡༤/༩/༡༧
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་ཚང་བ་ཞིག་ཡོང་ཆེད་དུ་དམིགས་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དགོས་པའི་ཆ་རྐྱེན་བསྐྲུན་པ་ནས་བཟུང་། ད་བར་ཁྲིམས་ཞིབ་པ་ཆེ་བ་དང། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱང་གང་མང་ཞིག་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་བཞེས་པའི་སྐབས་སུ་བསྐོ་བཞག་གནང་ཡོད་པ་དང། དེའི་རྗེས་སུའང་རེ་ཟུང་ཞིག་འོས་འདེམས་བྱས་ཡོད། ལྷག་པར་དུ་ཉེ་བའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་བྱས་ཡོད་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སུ་མང་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞིའི་ཆ་ལག་ཚང་ཐུབ་པ་བྱུང་ཡོད་པ་མ་ཟད། ས་གནས་ཁག་མང་པོ་ཞིག་ཏུའང་སྒྲོམ་གཞི་དེ་ཚང་བར་འབད་བརྩོན་བྱས་ཡོད། དེ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་གང་མང་ཞིག་ཀྱང་གོ་རྟོགས་ཐུབ་པར་ཕན་ནུས་ཀྱང་བྱུང་ཡོད་ཚོད་རེད།
སྤྱིར་ཁྲིམས་ཁང་ནི་མི་མཐོ་དམན་བར་གསུམ་ཚང་མ་ཁྲིམས་ལུགས་ཀྱི་མདུན་དུ་གནས་ལུགས་དང་རྒྱུ་མཚན་ཁོ་ནའི་ཡང་ལྗིད་བཏེགས་པ་ལས། གོ་ས་མཐོ་དམན་དང། འབྱོར་བ་ཆེ་ཆུང། ངོ་སོ་དང་རྒྱབ་རྩ་ཡོད་མེད་ཀྱི་ཁྱད་པར་མེད་པར་དྲང་བདེན་སྤྱི་སྙོམས་ཀྱི་ཐོག་ནས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡོང་དགོས་པ་དེ་གཅིག་མཚུངས་ཀྱི་དམིགས་ཡུལ་ཡིན་དགོས་པ་ཞིག་རེད། འོན་ཀྱང་འཛམ་བུའི་གླིང་འདིར་གནས་ལུགས་དེ་དག་བོད་པས་མ་ཎི་བགྲང་པ་བཞིན་ཁ་ནས་བཤད་སྲོལ་ཡོད་པ་ལས། དོན་དམ་པར་ལག་ལེན་དུ་བསྟར་ཐུབ་མཁན་ནི་དེ་ཙམ་གྱི་མང་པོ་མེད་ཚོད་དུ་སྣང། ལྷག་པར་རྒྱ་ནག་ལྟ་བུར་མཚོན་ན་ཁྲིམས་ཁང་ཁག་འཛིན་སྐྱོང་གི་དབང་ཤུགས་འོག་ཡོད་པས། དྲང་བདེན་དང་སྤྱི་མཚུངས་ཤིག་ཡོང་ཐབས་མེད་པ་གཞི་རྩའི་ཐོག་ནས་གསལ་པོ་རེད། དེ་བཞིན་འཛམ་བུའི་གླིང་འདིར་ཁྲིམས་ཁང་ཁག་གི་ཤུགས་རྐྱེན་ཆེ་ཆུང་མི་འདྲ་བ་སྣ་ཚོགས་དང། ལྷག་པར་མི་མང་ཉམ་ཆུང་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་མིན་སྣ་ཚོགས་ཡོད་པ་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་རྒྱལ་ཁབ་གཞན་ཞིག་གི་ནང་དུ་སྐྱབས་བཅོལ་ཞུས་པའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་གནས་བབས་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ཁྲིམས་ཁང་དང་མི་འདྲ་བར། གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་བསྟུན་དགོས་པ་མ་ཟད། ནག་ཉེས་དང་འབྲེལ་བའི་རིགས་སོགས་ཁྲིམས་ཞིབ་ཁང་འདིའི་ཁྲིམས་ཁོངས་ཁྱབ་ཚད་དུ་ཚུད་མེད། ད་དུང་མིང་ལའང་ཁྲིམས་ཁང་ཞེས་ཐད་ཀར་མ་བརྗོད་པར་ཁྲིམས་ཞིབ་ཁང་ཞེས་ཁྲིམས་ལ་ཞིབ་འཇུག་བྱེད་ཡུལ་ལྟ་བུ་དང། ཁྲིམས་དཔོན་ཞེས་མ་བརྗོད་པར་ཁྲིམས་ཞིབ་པ་ཞེས་འདོགས་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། ད་དུང་བོད་མིའི་སྒྲིག་འཛུགས་ལ་བཙོན་ཁང་དང་ཉེན་རྟོག་པ་མེད་པས། ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་གུས་ཞབས་ཀྱི་ཐོག་ནས་མ་བརྩིས་ན་དབང་ཤུགས་དང་སྐྲག་སྣང་གི་ཐོག་ནས་བརྩི་དགོས་པའི་གནས་བབས་དེ་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༢ པའི་ཆ་རྐྱེན་འོག་ཕྱི་ལོ་༡༩༩༢ ཟླ་༣ ཚེས་༡༡ ཉིན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་ཉིད་བཞུགས་སྒར་དྷ་རམ་ས་ལར་གསར་འཛུགས་བྱས་ནས་ད་བར་མི་ལོ་ཧྲིལ་པོ་༢༢ ལྷག་གི་རིང་ཁྲིམས་གཏུགས་བྱེད་མཁན་ཧ་ཅང་མང་པོ་བྱུང་མེད་ལ། ཡོད་པ་དེ་དག་གི་ནང་ནས་དབང་ཤུགས་དང་རྒྱབ་རྩ་ཡོད་མཁན་ཁག་ཅིག་གིས་བརྩི་བཀུར་མ་ཞུས་པར་རྒྱ་གར་གྱི་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཡོད། རྒྱ་གར་གྱི་ཁྲིམས་ཁང་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་འགྲིག་ཡོད་པའི་ཐག་གཅོད་བྱུང་ཡོད་ནའང། དངོས་སུ་ལག་བསྟར་བྱེད་མཁན་ད་བར་བྱུང་མེད། འོན་ཀྱང་ད་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་གང་ཞིག་ལ་གནས་ཡུལ་གཞུང་གི་ཁྲིམས་ཁང་ནས་མ་འགྲིག་པའི་ཐག་གཅོད་བྱས་པ་གཅིག་ཀྱང་བྱུང་མེད་པ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད།
མདོར་ན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་ཚང་ཐུབ་པའི་ཆེད་དུ་དམིགས་པ་ཙམ་ལས་དོན་དམ་པར་ནུས་པ་དང་ཤུགས་རྐྱེན་གཉིས་ཀ་ཆེན་པོ་ཞིག་སླེབས་ཐུབ་མེད། ཕྱོགས་གཅིག་ནས་གནས་ཡུལ་རྒྱ་གར་གཞུང་གི་གནས་སྟངས་དང་བསྟུན་དགོས་པ་དང། དེ་བཞིན་ཁྲིམས་ཐག་གཅོད་ཡུལ་མི་ཡ་མེད་ཁྲམ་པ་ཞིག་དང་ཐུག་ཚེ་ཐག་གཅོད་ནན་པོ་ཞིག་བྱེད་རྒྱུའི་ཆ་རྐྱེན་དང་ནུས་པ་གང་ཡང་མེད་པ་དང། ཐག་གཅོད་ནན་ཤོས་དེ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོགས་པ་དེ་ཡིན་ནའང། དེ་ལ་དེ་ཙམ་གྱིས་དོ་སྣང་མི་བྱེད་མཁན་ཡོད་ལ། རྒྱབ་དཔུང་དང་ནུས་པ། ངོ་སོ་བཅས་ཡོད་མཁན་དག་ལ་ཐག་གཅོད་དེ་ཡང་བྱེད་མི་ཕོད་པའི་གནས་སྟངས་ཤིག་ཡོད་པ་ཧ་ཅང་གསལ་པོར་གྱུར་ཟིན། དེར་བརྟེན་ཁྲིམས་གཏུག་བྱེད་མཁན་ཡང་ཧ་ཅང་དཀོན་པས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཉིད་མང་གཙོའི་ཀ་བ་གསུམ་ཚང་ཐུབ་པའི་ཆ་རྐྱེན་ཙམ་དང། ཁྲིམས་ཞིབ་པ་རྣམ་པའང་གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་དུ་བཞུགས་རྒྱུ་ཙམ་ལས་གཞན་མེད་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཀྱང་ཧ་ཅང་སྐུར་འདེབས་སུ་གྱུར་མེད།།