བོད་ཤར་ཕྱོགས་ལས་ནུབ་ཕྱོགས་ཉེན་ཁ་ཆེ།
ཉེ་བའི་ཆར་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གནད་དོན་དང་འབྲེལ་ནས་བོད་ཀྱི་རྩ་དོན་ཐོག་ལ་དགོངས་ཚུལ་རྩོམ་ཡིག་རིང་པོ་ཞིག་སྤེལ་འདུག གནད་དོན་མང་པོ་ཞིག་རྒྱུས་མངའི་ཐོག་ནས་ཡག་པོ་འདུག་ཀྱང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༡༢ ཕྱི་ལོ་ ༢༠༡༤/༡༠/༡༥
ཉེ་བའི་ཆར་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གནད་དོན་དང་འབྲེལ་ནས་བོད་ཀྱི་རྩ་དོན་ཐོག་ལ་དགོངས་ཚུལ་རྩོམ་ཡིག་རིང་པོ་ཞིག་སྤེལ་འདུག གནད་དོན་མང་པོ་ཞིག་རྒྱུས་མངའི་ཐོག་ནས་ཡག་པོ་འདུག་ཀྱང་། སུ་གང་ལའང་ཕོག་ཐུག་མི་འགྲོ་བ་གཙོ་འདོན་བྱས་ནས། གནད་དོན་མང་པོ་ཞིག་ཁ་གསལ་པོ་དང་ཐག་ཆོད་པོའི་ཐོག་ནས་མ་བཤད་པར་ཤུགས་ཀྱིས་གོ་དགོས་པའང་མང་པོ་ཞིག་ཡོད་ཚོད་འདུག། གཙོ་བོ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱབ་ལྗོངས་དང་རྒྱུ་མཚན། ལྷག་པར་དུ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་དུས་ཡུན་གང་གང་ཙམ་བོད་པ་ཡོངས་རྫོགས་གཅིག་གྱུར་མ་ཡིན་པར་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཙམ་ཡིན་པ་དེ་སྐད་ཆའི་ཟར་ཟུར་ནས་བསྟན་འདུག
ཕྱི་ལོ་༡༩༦༠ ལོར་རྡོ་རྗེ་གདན་དུ་བཞག་པའི་མནའ་གན་མཐུ་མོ་ཆེའི་སྐོར་མང་པོ་ཞིག་གླེང་པ་དེའི་རྒྱབ་ལྗོངས་གཙོ་བོ་སྐབས་དེ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་གནས་སྟངས་དེ་གཅིག་གྱུར་གྱི་མགོ་བཙུགས་པ་ལས། དེའི་སྔོན་དུས་ཡུན་གང་ཙམ་རིང་ལ་ཆབ་སྲིད་ཀྱི་ཐོག་ནས་བོད་ཀྱི་ཤར་ཕྱོགས་དང། ནུབ་མཐའ། ལྷོ་མཐའ་སོགས་དགའ་ལྡན་ཕོ་བྲང་གི་དབང་བསྒྱུར་འོག་མེད་པར་སྐབས་དེ་ནས་བཟུང་གཅིག་གྱུར་གྱི་འགོ་བཙུགས་པ་ཞིག་ཡིན་པ་གསལ་སྟོན་ཆེད་ཡིན་པ་འདྲ། ཁོང་གིས་དེའི་སྐོར་ལ་“འོན་ཀྱང་ཡ་མཚན་ཞིག་ལ། འགྱུར་བ་ཆེན་པོ་དེའི་བྱུང་རིམ་སྐོར་ལ་དེང་སང་དྲན་གསོ་ཞུ་རྒྱུ་ཕར་བཞག་བགྲོ་གླེང་ཙམ་ཡང་ཡོང་གི་མི་འདུག དངོས་གནས་ཞུས་ན། ད་ལྟ་ང་ཚོས་ལམ་དབུ་མ་དང་རང་བཙན། རང་ཐག་རང་གཅོད་སོགས་གང་འདྲ་ཞིག་གླེང་གི་ཡོད་རུང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་བ་ཆེན་པོ་དེའི་བྱུང་རིམ་གཞི་ལ་བཞག་སྟེ་གོ་བསྡུར་མ་བྱས་ན། དངོས་ཡོད་གནས་ཚུལ་བཤད་སྟངས་མ་ཤེས་པ་ཆགས་རྒྱུ་རེད།”ཅེས་དང།
ཡང་ཁོང་གིས་“སྐབས་དེར་བོད་གཞུང་གིས་ཀ་སྦུག་ཞྭ་སྒབ་པའི་གཟིམ་ཤག་ནས་ཕྱི་ལོ་༡༩༥༠ ལོའི་ཟླ་༡༡ ཚེས་༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ཞུ་ཡིག་ནང་འདི་ལྟར་བཀོད་པ་སྟེ། “རྒྱ་མིའི་དཔུང་དམག་རྣམས་ནས་ས་གནས་ཁག་མང་ནས་འབྲི་ཆུ་བརྒལ་བགྲོད་བྱས་ཤིང་། འབྲི་ཆུ་ནི་དུས་ཡུན་གང་འཚམས་རིང་རྒྱ་བོད་ཀྱི་ས་མཚམས་ཡིན།”ཞེས་གསལ་པོ་བྲིས་ཡོད།”ཅེས་ལུང་འདྲེན་འདི་ནི། གོང་གི་གནད་དོན་དེའི་སྒྲུབ་བྱེད་དང། ད་ལྟ་དབུ་མའི་ལམ་གྱི་སྲིད་བྱུས་ནི་ལྟ་ཚུལ་དེ་ལས་བརྒལ་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པའི་དམིགས་ཡུལ་བཟུང་བ་དེ། ཡང་དག་པ་དང། དྲང་སྙོམས། འདྲ་མཉམ། དམིགས་བསལ་གཟིགས་སྐྱོང་ཅན་གྱི་སྲིད་བྱུས་ཤིག་ཡིན་པ་གསལ་བརྗོད་བྱ་རྒྱུ་དེ་གཙོ་བོར་བཟུང་འདུག ལོ་རྒྱུས་ཀྱི་གནད་དོན་དངོས་ལ་ལྟ་ཚུལ་རྦད་དེ་མི་འདྲ་ཡང་སྐབས་འདིར་ཞིབ་པར་མི་སྤྲོ་ལ། ཁོང་གི་སྐད་ཆ་དེ་བཤད་སྟངས་མི་འདྲ་བ་ཙམ་ལས་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་སྣེ་མོ་བ་མང་པོ་ཞིག་གི་དགོངས་པའི་ཕུགས་སུ་ཡོད་པ་དེ་ཤེས་རྟོགས་ཐུབ་པ་ཞིག་རེད།
དེ་བཞིན་བོད་མི་འབུམ་ཕྲག་མང་པོས་སྲོག་བློས་བཏང་བ་དང་། བོད་མི་མང་པོ་བཙན་བྱོལ་དུ་ཡོང་དགོས་བྱུང་བ། ལྷག་པར་དུ་བོད་ས་ཡོངས་སུ་༢༠༠༨ ལོའི་ཞི་རྒོལ་དང། ༢༠༠༩ ལོ་ནས་གཞིས་བཞུགས་བོད་མི་ཚོས་རང་ལུས་མེར་སྲེག་ལ་སོགས་པ་བྱུང་བའི་རྒྱུ་མཚན་མཐར་ཐུག་འཇིག་ལ་ཉེ་བའི་བོད་མིའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་བྱེད་ཆེད་ལས། མང་གཙོའམ་དམངས་གཙོའི་ཐོབ་ཐང་རྩོད་པའི་ཆེད་དུ་མིན་པ་གསལ་པོ་རེད་ཅེས་ཚིག་ཐག་བཅད་འདུག གནད་དོན་འདི་དག་གི་ཐོག་ལ་བསམ་ཚུལ་མང་པོ་ཡོད་ཀྱང། མདོར་ན་བོད་ལྗོངས་ཟེར་བའི་ས་ཁོངས་ཙམ་རྒྱ་གཞུང་གིས་བོད་དུ་ངོས་འཛིན་པ་དང། དེ་ལ་ཐག་གཅོད་ཅིག་བྱ་རྒྱུའི་རེ་བ་ཞིག་རྒྱ་རི་རིན་པོ་ཆེ་ལྟ་བུ་འབྲེལ་ཡོད་ཉམས་མྱོང་ཅན་ཞིག་གི་ངོས་ནས་མཐོང་བ་དང། རྩ་དོན་འཐབ་རྩོད་ཀྱི་“རྒྱུ་མཚན་མཐར་ཐུག་དེ་འཇིག་ལ་ཉེ་བའི་བོད་མིའི་ངོ་བོ་དང་ཁྱད་ཆོས་སྲུང་སྐྱོབ་”ཙམ་གྱི་ཆེད་ཡིན་ན། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཀྱི་ནང་དང། དེའི་ཕྱི་ལོགས་སུ་ཡོད་པའི་བོད་ཁུལ་ཁག་མཚུངས་བསྡུར་བྱས་ན་ཉེན་ཁ་ཆེ་བ་དེ་བོད་ཤར་ཕྱོགས་རེད་འདུག་གམ་ནུབ་ཕྱོགས་རེད་ཅེས་པའི་དྲི་བ་དེ་རང་བཞིན་གྱིས་སླེབས་ཡོང་གི་རེད།
བོད་ཤར་ནུབ་ཚང་མར་རྒྱ་གཞུང་གིས་ཆབ་སྲིད་ཐོག་ནས་ལྟ་སྟངས་གཅིག་པ་ཡིན་ཡང། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན། དཔལ་འབྱོར་དར་རྒྱས། རྒྱ་རིགས་ཀྱིས་ས་ཆ་འཛིན་སྟངས་སོགས་གང་ཐད་ནས་བོད་ཀྱི་ས་ཁུལ་གཞན་དག་ལས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་ཕལ་མོ་ཆེ་ལྡབ་ཁ་ཤས་ཀྱིས་ཉེན་ཁ་ཆེ་བ་ཡོད་པ་ཞིག་ཏུ་གྱུར་ཟིན། འབྲི་ཆུའི་ཤར་རྒྱུད་ཀྱི་བོད་ཁུལ་ཁག་ཏུ་རིས་མེད་ཆོས་བརྒྱུད་ཁག་གི་དགོན་སྡེ་རྣམས་དར་རྒྱས་ཆེན་པོ་ཡོད་པ་མ་ཟད། བོད་པ་རང་ངོས་ནས་སྒེར་བཙུགས་སློབ་གྲྭ་ཧ་ཅང་མང་བ་དང། ཆོས་དང་རིག་གནས་སྐད་ཡིག་དཔལ་འབྱོར་སོགས་གང་ཐད་ནས་ནུབ་ཕྱོགས་ལས་ད་ལྟའི་ཆར་ཤར་ཕྱོགས་སུ་རེ་བ་ཆེན་པོ་ཡོད། ས་ཆ་ཁུག་ཀྱོག་ཁག་ཙམ་ལས་ལྷ་ས་དང་ཀོང་པོ། གཞིས་ཀ་རྩེ་སོགས་ཀྱིས་གཙོས་རང་སྐྱོང་ལྗོངས་ཀྱི་ས་ཆ་མང་པོ་ཞིག་དུས་ཡུན་རིང་པོ་མི་འགོར་བར་བོད་པའི་ངོ་བོ་འགྱུར་ཉེན་ཡོད་པས། རྒྱ་གཞུང་གིས་བོད་རིགས་ཡོངས་རྫོགས་ཀྱི་གནད་དོན་དེ་དུས་གཅིག་ཐག་གཅོད་བྱེད་དཀའ་བ་དང། བོད་རང་སྐྱོང་ལྗོངས་ཀྱི་ཐོག་ལ་བཟང་ཕྱོགས་ཀྱི་ཐག་གཅོད་བྱ་རྒྱུའི་རེ་བ་ཞིག་ཡོད་ན། བོད་རིགས་ཡོངས་རྫོགས་ཞེས་ཨུ་ཚུགས་མི་རྒྱག་པར་ཛ་དྲག་གི་ཉེན་ཁ་ཆེ་བ་ཡོད་ས་དེ་སྔོན་ལ་སྐྱོབ་དགོས་པ་དེ་གལ་ཆེན་པོ་རེད། འོན་ཀྱང་གོང་གི་ལྟ་ཚུལ་དེ་བཙན་བྱོལ་ནང་གི་ཆབ་སྲིད་པ་ཚོའི་འགྲེལ་བརྗོད་དང་རེ་བ་ཙམ་ལས། དོན་དངོས་ཐོག་བོད་དོན་སྐོར་རྒྱ་གཞུང་ལ་ཐག་གཅོད་བྱ་རྒྱུའི་འདུན་པ་གང་ཡང་མེད་པ་གསལ་པོ་རེད་སྙམ།།