མཁན་པོ་ཀར་ཚེ་ལ་རྒྱ་ནག་གཞུང་གི་བཙོན་འཇུག་ཁྲིམས་ཆད།
མཁན་པོ་ཀར་ཚེ་(ཀརྨ་ཚེ་དབང་)ལ་རྒྱ་ནག་གཞུང་གིས་ཉེས་ཅན་པ་སྦས་སྐུང་བྱས་པའི་ཉེས་མིང་འོག ལོ་གཉིས་དང་ཕྱེད་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
མཁན་པོ་ཀར་ཚེ་(ཀརྨ་ཚེ་དབང་)ལ་རྒྱ་ནག་གཞུང་གིས་ཉེས་ཅན་པ་སྦས་སྐུང་བྱས་པའི་ཉེས་མིང་འོག ལོ་གཉིས་དང་ཕྱེད་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། མཁན་པོ་ཀར་ཚེ་ལ་ཟླ་བ་གཉིས་གསུམ་ཙམ་སྔོན་ཆབ་མདོ་ས་གནས་རྒྱ་ནག་གཞུང་གི་ཁྲིམས་ཁང་གིས་གསང་བའི་ངང་ཁྲིམས་རྭ་ཚུགས་ཏེ་ཁྲིམས་བཤེར་བྱས་པ་དང་། ཁོང་ལ་ཉེས་ཅན་སྦས་སྐུང་བྱས་པའི་ཉེས་མིང་འོག ལོ་གཉིས་དང་ཟླ་བ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཁོང་ནི་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་དུ་ཡོད་པའི་ཇ་པ་དགོན་པའི་མཁན་པོ་ཡིན་པ་དང་། ཁོང་ལ་ཉེས་ཅན་པ་སྦུས་སྐུང་ཟེར་བའི་ཉེས་པ་ནི་འབར་གས་ཀྱི་གྱོད་གཞི་ཟེར་བ་རྩོམ་མཁན་ཡིན་ཚུལ་བཤད་པའི་ཆབ་མདོ་ཀརྨ་དགོན་པའི་དགེ་འདུན་པ་ཞིག་ནང་ཆེན་དུ་བྲོས་པ་སྦུས་སྐོང་བྱས་པའི་སྐྱོན་འཛུགས་བྱས་པ་ཞིག་ཡིན་འདུག
མཁན་པོ་ཀར་ཚེ་འཛིན་བཟུང་བྱས་པའི་རྗེས་རྒྱ་ནག་གྲུང་ཆིང་ནས་ཡིན་པའི་དག་འབུད་ཁྲིམས་རྩོད་པ་ཐཱང་ཐེ་ཧའོ་(Tang Tianhao) མཁན་པོའི་ནང་མིས་མངགས་པ་བཞིན་༢༠༡༣ ལོའི་ཟླ་༡༢ ཚེས་༢༤ ཉིན་དང་། ༢༠༡༤ ལོའི་ཟླ་༢ ཚེས་༢༥། ༢༠༡༤ ལོའི་ཟླ་༥ ཚེས་༢༦། ༢༠༡༤ ལོའི་ཟླ་༦ ཚེས་༡༦ ཉིན་བཅས་ལ་གྱོད་གཞི་འདིའི་ཐོག་ཆབ་མདོར་ཐེངས་བཞི་བསྐྱོད་ཡོད་པ་དང་། ཐེངས་བཞི་པའི་སྐབས་པེ་ཅིང་གི་དག་འབུད་ཁྲིམས་རྩོད་པ་ལེང་ཞའོ་ཅིན་(Liang Xiaojun) མཉམ་དུ་ཡོད་འདུག
འོན་ཀྱང་ཆབ་མདོའི་ཉེན་རྟོག་ཚན་པས་ཁྲིམས་རྩོད་པ་ཐཱང་ཐེ་ཧའོ་དང་མཁན་པོ་ཀར་ཚེ་དུས་ཡུན་ཐུང་ངུའི་རིང་ཐེངས་གཉིས་ཐུག་འཕྲད་བྱེད་བཅུག་ཡོད་པ་དང་། དེའི་སྐབས་ཁྲིམས་རྩོད་པར་རྒྱ་ནག་གཞུང་གིས་བརྡ་ཐོ་བཏང་སྟེ་མཁན་པོར་ཐོག་མར་བཙུགས་པའི་ཉེས་པ་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ཟེར་བའི་ཉེས་པ་ནས། སྦས་སྲུང་གི་ཉེས་པ་ཟེར་བར་འགྱུར་བ་བཏང་ཡོད་སྐོར་བརྗོད་འདུག འོན་ཀྱང་ཁྲིམས་རྩོད་པས་སྦས་སྲུང་གི་ཉེས་མིང་འདི་ཡང་དོན་དངོས་དང་མི་མཐུན་པ་ཞིག་དང་དེ་འདྲ་ཡོང་ཐབས་མེད་པར་ངོས་འཛིན་བྱས་ཡོད་འདུག
རྗེས་སུ་རྒྱ་ནག་གཞུང་གིས་མཁན་པོའི་ནང་མི་དང་དགོན་པ་ལ་གནོན་ཤུགས་སྤྲད་དེ་ཁྲིམས་རྩོད་པ་ས་གནས་ནས་འཚོལ་དགོས་བྱུང་བ་དང་། དག་འབུད་ཁྲིམས་རྩོད་པ་ཐཱང་ཐེ་ཧའོ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག
མཁན་པོ་ཀར་ཚེ་༡༩༧༥ལོར་འཁྲུངས་ཤིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་ནས་ཡིན་པ་དང་། ཇ་པ་དགོན་པར་རབ་ཏུ་བྱུང་། དེ་སྔ་གསེར་རྟ་བླ་རུང་ཆོས་སྒར་ལ་སློབ་སྦྱོང་གནང་བ་དང་། ཁོང་ནི་ཁམས་ཁུལ་ལ་མཚན་སྙན་ཡོད་པའི་གཞོན་སྐྱེས་མཁན་པོ་ཞིག་ཡིན་འདུག རྒྱུན་དུ་ས་གནས་སུ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཡོང་ཐབས་དང་། ཁོར་ཡུག་ལ་སྲུང་སྐྱོབ་གནང་མཁན་ཞིག་ཀྱང་ཡིན་འདུག
༢༠༡༠ ལོར་ཁམས་སྐྱེ་རྒུ་མདོ་ལ་ས་ཡོམ་དང་། ༢༠༡༠ ལོར་ཨ་མདོ་འབྲུག་ཆུའི་རང་བྱུང་གནོད་འཚེ། ༢༠༡༣ ལོའི་གཡག་རྔའི་ས་ཡོམ་སོགས་ནང་མྱུར་སྐྱོབ་རོགས་རམ་གནང་མཁན་གྱི་གཙོ་འགན་ཁུར་མཁན་ཡིན་པ་རེད།
༢༠༡༣ ལོའི་ཟླ་༡༢ ཚེས་༡༨ ཉིན་ནང་ཆེན་རྫོང་དགོན་ཞབས་དགོན་ནམ་ཇ་པ་དགོན་པའི་གྲྭ་མང་དང་། ས་གནས་མི་མང་གིས་“དགེ་རྒན་དང་བྲལ་བའི་སློབ་མ་རྣམས་ཀྱི་དཀའ་ངལ་ལ་གཟིགས་རོགས། མཁན་པོ་ཀར་ཚེ་བཙོན་གྲོལ་གཏོང་རོགས།”ཞེས་པའི་འཕྲེད་དར་འཕྱར་བ་དང་སྐད་འབོད་བྱེད་བཞིན་ནང་ཆེན་རྫོང་ཐོག་ཏུ་སླེབས་ལ་ཉེ་སྐབས། རྫོང་དཔོན་སོགས་མཐོ་རིམ་དཔོན་རིགས་ཁག་ཅིག་བསླེབས་ཏེ། མི་མང་ལ་ཁྱོད་ཚོས་ལས་འགུལ་དེ་འདྲ་མ་སྤེལ་དང་མཁན་པོ་མགྱོགས་པོར་གློད་གྲོལ་ཡོང་བ་ང་ཚོས་འགན་ཁུར་ཆོག་ཅེས་སོགས་བརྗོད་དེ་གོམ་བགྲོད་མཚམས་འཇོག་བྱེད་བཅུག་ཡོད་འདུག
དེ་མཚུངས་ས་གནས་མི་མང་གིས་རྒྱ་ནག་གཞུང་ལ་མཁན་པོ་ཀར་ཚེ་ལ་ཉེས་པ་མེད་པ་དང་། ཁོང་གློད་གྲོལ་དགོས་པའི་རེ་འདུན་ལས་འགུལ་ཐེངས་མང་སྤེལ་ཡང་། གཞུང་གིས་ཡ་ལན་བྱས་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།