ལྡན་མ་བློ་ཆོས་རིན་པོ་ཆེ་སྐུ་གཤེགས་འདུག
ཟླ་འདིའི་ཚེས་༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ ཙམ་ལ་རྣམ་གྲྭ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་དྷ་རམ་ས་ལའི་ ཁོང་གི་གཟིམ་ཤག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག
ཟླ་འདིའི་ཚེས་༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ ཙམ་ལ་རྣམ་གྲྭ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་དྷ་རམ་ས་ལའི་ ཁོང་གི་གཟིམ་ཤག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག
དེ་ཡང་ལྡན་མ་བློ་ཆོས་རིན་པོ་ཆེ་ནི་ཕྱི་ལོ་༡༩༢༨ ཟླ་བ་༨ ཚེས་༣ ཉིན་ཁམས་སྒ་བ་འགུལ་གཡས་གྲོང་གི་དཔོན་ཁྱིམ་ཞིག་ཏུ་ཡབ་དངོས་གྲུབ་རིག་འཛིན་དང་། ཡུམ་བདེ་མཚོ་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཡོད་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ཁོང་རྒྱལ་བའི་བཀའ་འགྱུར་ཐུགས་ཐོག་ནས་སྐྱོར་གྱི་ཡོད་པའི་མཁས་པའི་དབང་པོ་དགེ་བཤེས་བློ་ཆོས་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གནང་། དགུང་ལོ་བཅུ་ལ་ཕེབས་སྐབས་སུ་སྤུག་བླ་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། ཕྱི་ལོ་༡༩༣༨ ལོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་བཞེས། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་སྟོང་དཔོན་རིན་པོ་ཆེ་དང་། ཕ་ར་ཤག་སྐོར་མཁན་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན། ཏྲེ་ཧོར་རྒན་བསོད་ནམས་མགོན་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མའི་དྲུང་ནས་གཞུང་ཆེན་ཁག་ལ་གསན་བསམ་མཛད་སྐབས་མཁས་བཙུན་གཉིས་ལྡན་གྱི་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ།
ཕྱི་ལོ་༡༩༤༦ ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཕྱི་ལོ་༡༩༥༣ ལོར་ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་གདན་ས་གསུམ་གྱི་མཁས་དབང་སྟོང་ཕྲག་ལྷག་དང་དགེ་འདུན་པ་ཁྲི་ཚོ་བརྒལ་བའི་དབུས་སུ་རྒྱལ་མཚན་དཀར་པོའི་འོག་ལ་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་བཞེས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་རྒྱ་གར་འཕགས་ཡུལ་དུ་ཕེབས་ནས་ཝཱར་ཎ་དང་ཀ་ལི་ཀ་ཏ། ལ་དྭགས་སོགས་སུ་གཞུགས་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ཕྱི་ལོ་ ༡༩༨༥ ལོར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོའི་མཚན་གནས་བཞེས་ནས་སྔགས་ཀྱི་འཛིན་གྲྭ་གསར་འཛུགས་གནང་བ་སོགས་སློབ་གཉེར་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་རྒྱ་ཆེར་མཛད།
གཞན་ཡང་དམ་པ་ཁོང་གིས་རྒྱུད་སྨད་གྲྭ་ཚང་གི་བླ་མ་དང་བློ་གསལ་གླིང་གི་མཁན་པོའི་གོ་གནས་མ་བཞེས་པར། གཙོ་བོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་གདན་སའི་གྲྭ་ཚང་ཁག རྒྱུད་གྲྭ་སྟོད་སྨད་སོགས་སུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་འཆད་ཁྲིད་མཛད་ཡོད་པ་དང་། རྒྱ་གར་དང་བོད་སོགས་སུ་འཛམ་གླིང་གི་ཡུལ་གྲུ་གང་སར་དབང་ལུང་མན་ངག་རྒྱ་ཆེར་བསྩལ་གནང་མཛད་ནས་འཛམ་གླིང་གི་མི་ས་ཡ་མང་པོའི་སྐྱབས་གནས་སུ་གྱུར། མདོར་ན་དམ་པ་ཁོང་ནི་ནང་ཆོས་ལ་སྦྱང་བརྩོན་གནང་མཁན་སློབ་གཉེར་བ་དང་། སྦྱངས་བ་མཐར་སོན་པའི་དགེ་བཤེས། རྒྱལ་སྲས་བླ་སྤྲུལ། མཁན་ལས་ཟུར། ཤར་བྱང་གི་ཆོས་རྗེ། དགེ་ལྡན་ཁྲི་པ་སོགས་ཀྱིས་དགེ་བའི་བཤེས་གཉེན་དང་རྩ་བའི་བླ་མ་གནང་ཡོད་པ་ཙམ་མ་ཟད། རི་བོ་དགེ་ལྡན་པའི་བསྟན་འཛིན་ཡོངས་ཀྱི་གཙུགས་རྒྱན་དང་དགེ་ལྡན་པའི་དབང་ལུང་མན་ངག་གི་མཛོད་འཆང་ལྟ་བུའི་སྐུར་བཞེངས་གནང་ཡོད་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།