འབྲས་སྤུངས་སུ་ཟམ་གདོང་རིན་པོ་ཆེའི་གསུང་ཆོས།

ཟླ་འདིའི་ཚེས་༢༣ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གསར་པའི་ནང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཆོས་གསུང་བཞིན་ཡོད་པ་རེད།

ཟླ་འདིའི་ཚེས་༢༣ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གསར་པའི་ནང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཆོས་གསུང་བཞིན་ཡོད་པ་རེད།

samdong lama5སྐབས་དེར་རྒྱལ་མཆོག་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཁྲིད་ཡིག་ཐོག་ནས་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་དང་། ཉིན་གསུམ་པར་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་གསུངས་ཡོད་པ་རེད།

གསུང་ཆོས་ཞུ་སར་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམས་པ། དགེ་འདུན་འདས་མང་ཡོངས་དང་། གཞན་འབྲས་སྤུངས་སྒོ་མང་དང་དགའ་ལྡན་ཤར་བྱང་གཉིས།   སེ་ར་བྱེས་སྨད་གཉིས་བཅས་ཀྱི་དགེ་འདུན་པ་ཁག་གཅིག་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་དང་། མོན་གྷོ་ས་གནས་གཞིས་གྲོང་ཁག་གི་མི་སྐྱ་ཁག་ཅིག་བཅས་ཆོས་ཞུར་བཅར་ཡོད་པ་རེད།

དེ་ཡང་ཐོག་མར་གསུང་ཆོས་དབུ་འཛུགས་མ་གནང་གོང་དུ་ཟམ་གདོང་རིན་པོ་ཆེས་གསུང་ཆོས་འཆད་ཉན་དང་འབྲེལ་བའི་སྐོར་གསུང་དོན། བར་ལམ་ཞིག་ཅིག་ནས་ཆོས་འཆད་ཉན་དགོས་ཀྱི་འདུག་ཅེས་སྐུལ་མ་འདེབས་མཁན་མང་པོ་ཡོང་གི་ཡོད་པ་རེད། ལྷག་པར་དུ་བློ་གསལ་གླིང་བླ་སྤྲུལ་ལྷན་ཚོགས་ངོས་ནས་ལོ་གསུམ་བཞི་ཞིག་གི་སྔོན་ནས་ཆོས་འཆད་ཉན་དགོས་ཀྱི་འདུག་ཅེས་ཡང་ཡང་བཀའ་གནང་ཡོད་རེད། སྐབས་དེ་དུས་ངའི་མི་ཚེ་འདི་ལ་འཆད་ཉན་བྱེད་དགོས་པའི་བསམ་བློ་མེད་པའི་སྐབས་རེད། ག་དུས་ཡིན་ན་ཡོང་གི་མ་རེད་ཅེས་ཞུས་བསྡད་ཡོད། བར་ལམ་ཞིག་ནས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ལས་འགན་དེ་ཚོ་འཁྱོལ། ཏོག་ཙམ་གུ་ཡང་འདྲ་ཞིག་བྱུང་བའི་སྐབས་ལ་འཆད་ཉན་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་མཁན་མང་པོ་ཞིག་ཕྱོགས་གང་ས་ནས་ཡོང་སྡོད་ཀྱི་འདུག   ཡིན་ན་ཡང་ལོ་ན་ཚོད་ཀྱི་བབས་དང་རྩ་བའི་རང་གི་ཤེས་ཡོན་གྱི་གནས་ཚད་གང་གི་ཐོག་ནས་ཡིན་ན་ཡང་འཆད་ཉན་བྱེད་རྒྱུའི་སྤོབས་པ་དེ་མ་བྱུང་བར་གང་མཚམས་སོང་བ་རེད།   སྤྱིར་བཏང་ང་རང་ཆུང་དུས་སྐབས་ནས་སྒོ་གང་ས་ནས་བཀའ་དྲིན་གྱིས་སྐྱོང་མཁན་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་དགོངས་གཞི་ལ་འཆད་ཉན་ཕྲན་བུ་བྱེད་མཁན་ཞིག་བྱུང་ན་བསྙམ་པའི་དགོངས་གཞི་ཡོད་པ་རེད་དེ་དགོངས་པ་འགྲུབ་པ་ཞིག་བྱུང་ཡོད་མ་རེད།   ལྷག་པར་དུ་ད་ལྟའི་གནས་སྐབས་སུ་ང་རང་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མའི་ནང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་རྐྱང་རེད། བླ་མ་བཅུ་གསུམ་ཙམ་གྱི་ཞབས་ལ་གཏུག་པའི་གོ་སྐབས་བྱུང་བ་རེད་དེ། ཚང་མ་དགོངས་པ་གཞན་དོན་དུ་གཤེགས་ནས་ད་ལྟའི་གནས་སྐབས་ལ་བླང་དོར་ཞུ་ས་ཟེར་ན་མི་འདུག འདུ་སྤྱིའི་སྐྱབས་གནས། སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་དེ་༧གོང་ས་མཆོག་རང་ཡོད་པ་རེད།   ༧གོང་ས་མཆོག་གིས་དགོངས་གཞི་ལ་ད་ལྟའི་གནས་སྐབས་སུ་ཕྲན་བུ་འཆད་ཉན་བྱས་ན་དགའ་བའི་དགོངས་ཚུལ་དང་བཀའ་སློབ་ཕེབས་པ་ཡིན་པས།   ད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་ནས་འཆད་ཉན་བྱེད་རྒྱུའི་འགོ་བཙུགས་པ་རེད།   བླ་མ་རིང་བྱས་ནས་འཆད་ཉན་མི་བྱེད་པའི་དམ་བཅའ་འདྲ་བོ་དེ་ཤོར་བ་རེད།     དེ་རྗེས་ལ་བསྐྱར་དུ་བླ་སྤྲུལ་ལྷན་ཚོགས། གྲྭ་ཚང་། ཚ་བ་ཁམས་ཚན་བཅས་ཀྱི་ངོས་ནས་འབྲས་སྤུངས་སུ་འཆད་ཉན་བྱེད་དགོས་པའི་རེ་སྐུལ་གསུངས་པ་ཡིན་པས། དེ་རིང་བླ་སྤྲུལ་ལྷན་ཚོགས་ཀྱི་འཆད་ཉན་གྱི་བསྒོ་སྐལ་དེ་ལ་དགའ་ལྡན་ལྷ་བརྒྱ་མ་བཤད་ལུང་གི་ཐོག་ནས་འབུལ་རྒྱུ་གཏན་ཁེལ་བ་རེད། ད་དེ་རིང་དངོས་སུ་ཆོས་ཁྲིའི་སྒང་ལ་སླེབས་པའི་སྐབས་ལ་སླར་ཡང་འཚེར་སྣང་དང་ཞེད་སྣང་ཆེན་པོ་འདྲ་ཞིག་སྐྱེས་སོང་།   ང་ལས་དགུང་ལོ་བགྲེས་བ། མཁྱེན་ཡོན་ཆེ་བ། གྲྭ་སའི་བླ་མ་རྒན་པ་དེ་འདྲ་དེ་རིང་འདིར་ཕེབས་འདུག དེ་བཞིན་ཆོས་གྲོགས་གཅིག་པ་བླ་སྤྲུལ་མང་པོ་ཞིག་འདིར་ཕེབས་འདུག དེ་ཚོ་ཚང་མའི་དཀྱིལ་དུ་བླ་མ་འདྲ་ཞིག་ཐོན་ནས་ཆོས་བཤད་རྒྱུ་དེ་ཕྱོགས་གཅིག་ནས་ཤེས་ཡོན་གྱིས་མ་འདང་བ་དང་།   ཕྱོགས་གཞན་པ་ཞིག་ནས་སྤོབས་པའི་མ་འདང་བ་ཡོང་སྡོད་ཡོད་རེད། ཡིན་ན་ཡང་སྐབས་དང་དུས་ཀྱི་གནས་སྟངས་འདི་འདྲ་ཞིག་དགོས་ཀྱི་ཡོད་པ་ཚང་མའི་དགོངས་པའི་ནང་དུ་ཡོད་པ་ཡིན་པས་དེ་ག་རིང་ཞུ་རྒྱུ་མ་གཏོགས་མེད་པ་རེད་ཅེས་གསུངས་སོང་།

samdong lama2ཟམ་གདོང་རིན་པོ་ཆེས་བཤེས་གཉེན་བསྟེན་ཕྱོགས་དང་བླ་སློབ་ཀྱི་དམ་ཚིག་སྲུང་ཕྱོགས་སྐོར་ལ་གསུང་དོན།       བླ་མ་དང་སློབ་མའི་འབྲེལ་བ་ཟེར་བ་དེ་ཧ་ཅང་གི་གཉན་པོ་ཞིག་དང་འགན་ལྗིད་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་ང་རང་གིས་སློབ་མ་བསྐྱངས་རྒྱུ་དེ་སོ་སོའི་ཤེས་ཚད་དེ་ག་རིང་རེད། སློབ་མ་ཚོའི་ངོས་ན་ཡིན་ན་ཡང་བླ་མ་བསྟེན་པ་དེ་ཞིབ་ཚགས་པོའི་ཐོག་ནས་བརྟག་དཔྱད་བྱས་ནས་བླ་མའི་འོས་ཆོས་ཚང་མིན་བརྟག་ནས་བསྟེན་དགོས་པ་ཞིག་རེད་མ་གཏོགས། བོད་ཀྱི་སྔོན་བྱུང་གོང་མ་ཚོའི་གསུངས་པ་ནང་བཞིན་ཁྱི་ལྟོགས་དང་གློ་བ་འཕྲད་པ་ནང་བཞིན་ལམ་སང་བླ་སློབ་ཀྱི་འབྲེལ་བ་བྱས་པ་ཡིན་ན་དེ་ཡག་པོ་ཞིག་ཡོད་པ་མ་རེད།   དེ་འདྲ་ཡིན་པས་འཆད་ཉན་འགོ་མ་བཙུགས་པའི་གོང་ལ་ངས་ཁྱེད་རང་ཚོར་གསལ་འདེབས་ཞུ་རྒྱུ་ལ།   ཁྱེད་རང་ཚོའི་དངོས་གནས་རིང་བརྟག་དཔྱད་བྱས་ནས་བླ་མ་བསྟེན་ན་འོས་ཆོས་ཚང་གི་འདུག་བཤད་སྒྲུབ་གཉིས་ལ་ཕན་གྱི་འདུག་དགོངས་ན་ཐུགས་ཁྲེལ་ཞིག་མི་འདུག དེ་འདྲ་མེད་པ་ཡིན་ན་རི་བོང་ཅལ་འདྲོགས་ཀྱི་ཟོ་འདྲ་ཞིག་བྱས་ནས་ཅིག་བཤད་ཀྱི་ཡོད་རེད་ཟེར་དུས་ཇི་མཚར་མཚར་དང་ཅི་ཟེར་གང་ཟེར་ལྟ་དགོས་བསམ་པ་འདྲ་བོ། ཡང་ཁ་ཤས་མ་ཕྱིན་ན་སྟབས་མ་བདེ་བའི་ཟོ་འདྲ་བོ་གཞན་དབང་མཐུན་འགྱུར་གྱི་ཆ་ནས་ཕེབས་ཀྱི་ཡོད་སྲིད་པ་ཞིག་རེད།   དེ་འདྲ་ཡིན་ན་ཆོས་གྲལ་དུ་བསྡད་པ་ཙམ་གྱི་བླ་སློབ་ཀྱི་འདུ་ཤེས་འཇོག་དགོས་པ་གང་ཡང་ཡོད་མ་རེད། དཔེར་ན་ང་ཚོ་གྲྭ་ས་ན་ཡོད་པའི་སྐབས་སུ་སེར་སྐྱ་ཚོའི་མཁན་རིན་པོ་ཆེ་ཚང་མར་བླ་སློབ་ཀྱི་འདུས་ཤེས་བཞག་ནས་བླ་མ་བསྟེན་པའི་ངེས་པ་མེད་པ་རེད། དེ་སྤྱིར་བཏང་འགྲན་བསྡུར་འདྲ་བོའི་སྒང་ནས་ཕྱིན་པ་ཡིན་པས།   བླ་མ་དང་སློབ་མའི་འགྲེལ་བ་དེ་ཕྱོགས་གཉིས་ཆའི་ངོས་ནས་བླ་སློབ་ཀྱི་འདུས་ཤེས་འཇོག་རྒྱུའི་བསམ་བློ་འདུ་ཤེས་མ་གྲོལ་བ་ཞིག་གི་ཐོག་ནས་ཉལ་བ་ཡིན་ན་གཞི་ནས་བླ་སློབ་ཆགས་ཀྱི་ཡོད་པ་རེད་མ་གཏོགས།   གཞན་དེ་རིང་སང་ཉིན་གྱི་གདན་སའི་ལབ་ལོབ་གཏོང་མཁན་ཞིག་དང་སྒྲ་འཛིན་འཁོར་ཐག་ལ་ཉན་པའི་ཟོ་འདྲ་ཞིག་དགོངས་པ་ཡིན་ན་མ་འཐུས་པ་ཡོད་མ་རེད། དེ་འདྲ་ཞིག་དང་པོ་ཞུས་ན་དྲན་སོང་ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་འདི་ནོར་བུ་བརྒྱ་འགྱུར་སྟོང་འགྱུར་ལས་རྩ་ཆེན་ཡིན་སྐོར་གསུང་དོན།     ད་འཆད་ཉན་དངོས་གཞི་འགོ་འཛུགས་བཏང་བའི་དབང་དུ་བཏང་བ་ཡིན་ན།   དལ་བ་བརྒྱད་འབྱོར་བ་བཅུ་ཚང་པའི་གདོས་བཅས་ལུས་རྟེན་རྣམ་པར་དག་པ་ཞིག་ཐོབ་ཡོད་པ་རེད། འདི་ལྟ་བུའི་གདོས་བཅས་ཀྱི་ལུས་རྟེན་འདི་ཡིད་བཞིན་གྱི་ནོར་བུ་བརྒྱ་འགྱུར་ལས་ལྷག་པ་ཞིག་སྙན་དག་མཁན་པོས་འོས་པའི་བཤད་པ་མ་ཡིན་པ། དངོས་ཡོད་ཀྱི་གནས་སྟངས་འདྲ་བོ་ཞིག་རེད།   ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་སོགས་ང་ཚོའི་རྣམ་རྟོག་གིས་སྒྲོ་བཏགས་པའི་ནོར་བུ་མང་པོ་ཡོད་པ་རེད། དེ་དག་གི་ཁྱད་ཆོས་ག་རེ་བཤད་ཀྱི་ཡོད་རེད་ཟེར་ན།   ཡིད་ལ་གང་བསམ་པའི་དངོས་པོ་དེ་དག་ལམ་སང་ལམ་སང་འགྲུབ་ཐུབ་པའི་ཁྱད་ཆོས་ཡོད་ཅེས་བཤད་ཀྱི་ཡོད་རེད།     དེ་ཚོ་མཐོང་མྱོང་མཁན་ཡོད་མ་རེད་དེ་སྙན་ངག་གིས་མཚོན་དཔེ་ཆ་དེ་འདྲའི་ནང་ན་ཡོད་རེད་པས།   ཇི་བསམ་འགྲུབ་པ་ཟེར་བ་དེ་ཚེ་འདིའི་ལྟོ་གོས་གཏམ་གསུམ་འགྲུབ་པ་ཙམ་མ་གཏོགས་གཞན་པ་ཕར་བཞག་ནས་སྐྱེ་བ་ཕྱི་མ་ངན་སོང་དུ་མི་སྐྱེ་བ་ཙམ་ཡང་ཡིད་བཞིན་གྱི་ནོར་བུའི་འགྲུབ་ཐུབ་པ་ཡོད་མ་རེད།   ཆོས་དང་མཐུན་པའི་བསམ་པ་རྣམ་དག་ཞིག་སྐྱེ་རྒྱུའི་བསམ་བློ་བཏང་བ་ཡིན་ན་དེ་ཡང་ཡིད་བཞིན་གྱི་ནོར་བུའི་འགྲུབ་ཐུབ་མེད་པ་རེད། མདོར་ན་ཡིད་བཞིན་གྱི་ནོར་བུའི་མཐོ་རིས་ལྷ་དང་མིའི་གོ་འཕངས་ཙམ་ཡང་འགྲུབ་ཐུབ་མེད་པ་རེད།   དལ་འབྱོར་གྱི་ལུས་རྟེན་འདིའི་ཚེ་འདིར་ཡང་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་དགོས་མཁོ་མང་པོ་ཞིག་སྒྲིབ་ཀྱི་ཡོད་པ་རེད། སྐྱེས་བུ་ཆུང་བའི་ས་ལམ་གྱི་རྣམ་བཞག་ལྟ་བུ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་ནས་སྡུག་སྤོང་དགེ་སྒྲུབ་ལ་བརྩོན་པ་ཡིན་ན་ཕྱི་མ་ངན་སོང་དུ་མི་ལྷུང་བའི་གདིང་ཚོད་ཡང་དག་པ་ཞིག་དལ་འབྱོར་གྱི་ལུས་རྟེན་འདིའི་ཐོག་ནས་ལས་སླ་བོ་བྱས་ནས་འགྲུབ་རྒྱུ་ཡོད་པ་རེད། དེ་ལས་ལྷག་པ་ཚེ་འདིར་འཁོར་བའི་གནས་ནས་གཏན་དུ་གྲོལ་བ་ཐར་བ་མྱང་འདས་ཀྱི་གོ་འཕངས་བསྒྲུབ་ཀྱི་ཡིན་ན་ཡང་ངོ་ཚོ་ལ་ཐོབ་པའི་ལུས་རྟེན་འདིའི་ཐོག་ནས་འགྲུབ་ཐོབ་པ་སྒྲོ་བཏགས་ཙམ་མིན་པར་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཡོད་བསྡད་པ་ཞིག་རེད། དེ་ལས་ལྷག་པའི་ཉོན་མོངས་པའི་སྒྲུབས་པ་ཐམས་ཅད་སྤང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་ཀྱི་ཡིན་པ་ཡིན་ན་ཡང་ལུས་རྟེན་འདིའི་ཐོག་ནས་སྒྲུབ་ཐུབ་པ་ཞིག་རེད། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དང་མཇལ་ནས་ང་ཚོའི་དངོས་རྒྱུ་ཁམས་འདུས་ཀྱི་དལ་འབྱོར་གྱི་ལུས་འདི་བེད་སྤྱོད་བཏང་ནས་ལུས་འདི་ལ་གནས་པའི་ལམ་རིམ་པ་གཉིས་ཀྱི་ཉམས་ལེན་བརྟེན་ནས་སྙུག་དུས་ཀྱི་ཚེ་ཐུང་གཅིག་དང་དེ་ལས་ཀྱང་མགྱོག་པ་ལོ་གསུམ་ཙམ་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕངས་སྒྲུབ་པའི་ནུས་པ་དེ་ཡོད་པ་རེད། དེ་ལྟ་བུའི་ལུས་རྟེན་ཞིག་རྙེད་ཡོད་པའི་སྐབས་སུ་ལུས་རྟེན་དེའི་སྒྲུབ་ཐུབ་པའི་གནས་ཚུལ་གང་ཡང་མ་སྒྲུབ་པར་ཆུད་ཟོས་སུ་སོང་བ་ཡིན་ན་ཧ་ཅང་གི་ཕངས་པོ་ཡིན་པ་རེད། དེར་བརྟེན་ལུས་རྟེན་རིན་པོ་ཆེ་དོན་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། ཅི་ཙམ་གྱིས་རྙེད་པར་དཀའ་བ་ཡིན་པ། རྙེད་པར་དཀའ་བ་ཡིན་པ་ཙམ་དུ་མ་ཟད་འཇིག་སླ་བ་ཡིན་པ་དེ་ཚོའི་ཐོག་བསམ་བློ་བཏང་བ་ཡིན་ན་ཕྲལ་དུ་ལུས་རྟེན་འདིའི་སྙིང་པོ་ལེན་ཐབས་སུ་འབད་བརྩོན་མི་བྱེད་ཐབས་མེད་ཡིན་པའི་ཟོ་འདྲ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་རྣམ་པ་ཚོའི་ངོས་ནས་ངེས་པར་དུ་རང་རྒྱུད་ལ་བརྟག་དཔྱད་ཞིབ་འཇུག་ངེས་པར་དུ་གནང་བའི་ཐོག་ནས་དལ་རྟེན་རིན་པོ་ཆེ་འདི་ཆུད་ཟོས་སུ་མི་གཏོང་བར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

གཞན་ཡང་ཟླ་འདིའི་ཚེས་༢༧ ནས་ཕྱི་ཟླ་༡༡ པའི་ཚེས་༢ བར་བདུན་ཕྲག་གཅིག་རིང་ཟམ་གདོང་རིན་པོ་ཆེས་འབྲས་བློ་གླིང་ཚ་བ་ཁམས་ཚན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་ཀྱི་བཀྲ་ཤིས་རྟེན་འབྱུང་སྒོ་འབྱེད་མཛད་སྒོ་དང་འབྲེལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུ་ལམ་གྱི་སྒྲོན་མའི་བཀའ་ཁྲིད་ཟམ་མོ་གནང་འཆར་ཡོད་འདུག

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།