ཐའེ་ཝན་གྱིས་ཧོང་ཀོང་ལ་བལྟ་དགོས།

ཧོང་ཀོང་དུ་མི་མང་དང་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་རྒྱུན་རིང་སོང་བ་དང། གཞུང་ཕྱོགས་ནས་ད་བར་བཟང་ཕྱོགས་ནས་ཐག་གཅོད་གང་ཡང་བྱས་མེད། རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་པའི་ས་གནས་ཐོག་མ་དེ་ཧོང་ཀོང་ཡིན་པ་དང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༡༣  ཕྱི་ལོ་ ༢༠༡༤/༡༠/༢༢
ཧོང་ཀོང་དུ་མི་མང་དང་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་རྒྱུན་རིང་སོང་བ་དང། གཞུང་ཕྱོགས་ནས་ད་བར་བཟང་ཕྱོགས་ནས་ཐག་གཅོད་གང་ཡང་བྱས་མེད། རྒྱ་ནག་དམར་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་པའི་ས་གནས་ཐོག་མ་དེ་ཧོང་ཀོང་ཡིན་པ་དང། དེའི་རྗེས་སུ་མའེ་ཀའོ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་འགྲོ་སྟངས་དེའི་འོག་ཏུ་འཛིན་སྐྱོང་བྱེད་བཞིན་ཡོད། མ་འོངས་པར་ཐའེ་ཝན་གྱི་ཐོག་ལའང་སྲིད་བྱུས་དེ་ལག་བསྟར་བྱ་རྒྱུ་ཡིན་ཚུལ་རྒྱ་གཞུང་གིས་སྔ་རྗེས་སུ་ཕྱིར་བསྒྲགས་བྱས་དང་བྱེད་བཞིན་ཡོད་ལ། ཉེ་བའི་ལོ་བཅུ་ཚུན་ཆད་ཀྱི་ནང་དུ་ཐའེ་ཝན་གཞུང་ཕྱོགས་ཀྱི་གནད་ཡོད་མི་སྣ་དང། དེ་དག་དང་འབྲེལ་བའི་ཐོག་ནས་མི་མང་ནང་དུའང་རྒྱ་གཞུང་དང་མཉམ་དུ་སྡོད་རྒྱུའི་སྲིད་བྱུས་དེ་ལ་འདོད་མོས་བྱེད་མཁན་མང་ཙམ་བྱུང་ཡོད་པ་དང། ལྷག་པར་དུ་མཚོ་འགྲམ་གཉིས་དྲག་པོའི་ལམ་ནས་གདོང་ཐུག་མི་ཡོང་བའི་ཆེད་དུ་བསྟུན་མཁས་གང་མང་ཞིག་བྱ་རྒྱུ་དེར་ཐའེ་ཝན་ཕྱོགས་ནས་བསམ་བློ་མང་པོ་བཏང་ཡོད།

དེང་སྐབས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་མང་གཙོའི་འོས་འདེམས་སོགས་མི་མང་གི་མང་གཙོ་དང་རང་དབང་ལ་ཚད་བཀག་བཟོ་རྒྱུའི་འཆར་གཞི་འགོ་འཛུགས་བྱས་པར་བརྟེན། ཧོང་ཀོང་མི་མང་གི་ངོས་ནས་དེ་ལ་ངོ་རྒོལ་གདོང་ལེན་བྱེད་པའི་ལས་འགུལ་མུ་མཐུད་རྒྱུན་མ་ཆད་པར་གནས་ཡོད་པ་དང་ད་ལྟའི་ཆར་ཛ་དྲག་ཏུ་འགྲོ་བཞིན་ཡོད། གནས་ཚུལ་དེ་ལ་བརྟེན་ནས་ཐའེ་ཝན་གཞུང་གི་དཔོན་རིགས་གནད་ཡོད་རྣམས་དང། ཐའེ་ཝན་མི་མང་ལ་མཚོན་ན་མ་འོངས་པར་ཐའེ་ཝན་གྱི་གནད་དོན་ཐོག་ལ་བསམ་བློ་གསར་པ་ཞིག་མི་གཏོང་ཀ་མེད་དུ་གྱུར་ཡོད། ཐའེ་ཝན་གྱི་གནད་དོན་རྒྱ་གཞུང་དང་མཉམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་འདིའི་ཐོག་ནས་ཐག་གཅོད་བྱས་ན། ད་ལྟ་ཧོང་ཀོང་ལ་ཡོང་བཞིན་པ་དེ་མ་འོངས་པར་ཐའེ་ཝན་གྱི་ཐོག་ལའང་ཡོང་རྒྱུ་ཡིན་པའི་བསམ་བློའི་གྲ་སྒྲིག་དེ་ངེས་པར་དུ་ཡོད་དགོས་པ་ཞིག་རེད་ལ། ཐའེ་ཝན་མི་མང་གི་ངོས་ནས་ད་ལྟ་ཧོང་ཀོང་གི་གནད་དོན་དེ་མིག་དཔེ་བལྟ་ས་ཆེན་པོ་ཞིག་ཏུ་གྱུར་ཡོད།

རྒྱ་ནག་གི་གནས་སྟངས་དེ་སྔོན་མ་དང་མི་འདྲ་བར་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་འབྲེལ་བ་འཛིན་བཞིན་པའི་སྐབས་ཡིན་པ་དང། དྲ་རྒྱ་སོགས་བརྡ་འཕྲིན་དུས་རབས་ཡར་རྒྱས་ཀྱི་གནས་སྟངས་ལ་བརྟེན་ནས། དེ་རིང་ཧོང་ཀོང་གི་གནས་ཚུལ་དེ་དག་སང་ཉིན་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཟིན་པས། དྲག་པོ་དང་དམག་གི་སྟོབས་ཤུགས་ཁོ་ན་ལ་བརྟེན་ནས་མི་མང་གི་གཉའ་གཅོག་མི་ཐུབ་པ་འདི་ནི་རང་བཞིན་གྱིས་འགྱུར་བ་ཆེན་པོ་ཞིག་ཏུ་གྱུར་ཡོད། གཞན་ཕྱི་ལོ་༡༩༨༩ ལོ་པེ་ཅིང་གནམ་བདེ་སྒོ་མོའི་དོན་རྐྱེན་དང། ཕྱི་ལོ་༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་དུ་དྲག་གནོན་བྱས་པ་ལྟ་བུ་ཧོང་ཀོང་དུའང་ལག་བསྟར་བྱེད་ངེས་རེད། འགྱུར་བ་འདི་དག་ནི་གོ་ལ་ཧྲིལ་པོའི་གནས་སྟངས་ཤིག་ཡིན་པས་རྒྱ་ནག་གཅིག་པུས་བཀག་མི་ཐུབ་པའང་ཆོས་ཉིད་རེད། དེར་བརྟེན་ཧོང་ཀོང་གི་གནད་དོན་འདི་ལ་བརྟེན་ནས་རྒྱ་ནག་གི་མ་འོངས་པའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་སྲིད་པའང་སྔོན་དཔག་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།

ད་ལྟའི་ཆར་བོད་དང། ཤར་ཏུར་ཀི་སི་ཐན། སོག་པོ་སོགས་རྒྱ་ནག་གི་འོག་ཏུ་གནས་ཡོད་ཀྱང། ད་ལྟ་ཧོང་ཀོང་གི་གནས་སྟངས་འདི་ནི་མ་འོངས་པར་གྲངས་ཉུང་མི་རིགས་ཁག་གི་གནད་དོན་གྱི་མིག་དཔེ་བལྟ་ས་ཞིག་ཏུ་འགྱུར་ངེས་རེད། འོན་ཀྱང་ཧོང་ཀོང་ནི་དབྱིན་ཇིའི་གཞུང་གི་འོག་ཏུ་རང་དབང་མང་གཙོའི་ཐོབ་ཐང་རྒྱུན་རིང་སྤྱོད་པའི་ཉམས་མྱོང་ཡོད་པ་དང། དཔལ་འབྱོར་གྱི་གནས་སྟངས་དང། འཛམ་གླིང་གི་མཐོང་ཐོས་མྱོང་གསུམ་གང་གི་ཐད་ནས་བཤད་ཀྱང་ད་ལྟ་གོང་དུ་བཤད་པའི་ས་ཁུལ་དེ་དག་དང་བསྡུར་ཐབས་མེད་པར་སྔོན་ཐོན་ཆེན་པོ་ཡིན། འོན་ཀྱང་འགྲོ་བ་མི་ཞིག་ཡིན་པས་དམ་དྲག་དང་སུན་བཙེར་གང་མང་ཡོད་ས་དེ་ནས་ཁ་བྲལ་དུ་འགྲོ་རྒྱུ་ལས་མཉམ་གནས་བྱེད་རྒྱུའི་གདམ་ཀ་བྱེད་མཁན་ཞིག་ཧ་ཅང་དཀོན་པོ་རེད། དེ་རིང་ཧོང་ཀོང་མི་མང་གི་ངོས་ནས་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་གནས་སྟངས་དེར། ལོ་རྗེས་མ་བོད་ཀྱིས་གཙོས་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གྲངས་ཉུང་མི་རིགས་གཞན་རྣམས་ཀྱིས་མིག་དཔེ་བལྟ་སྲིད་པ་རེད།

རྒྱ་གཞུང་གི་ངོས་ནས་ཧོང་ཀོང་གི་ཞི་རྒོལ་བ་རྣམས་ལ་ད་བར་དྲག་མཚོན་བེད་སྤྱོད་བྱས་མེད་ཀྱང། བོད་དང། ཤར་ཏུར་ཀི་སི་ཐན། སོག་པོ་བཅས་ཀྱི་མི་མང་གི་ངོས་ནས་འདི་ལྟ་བུའི་ངོ་རྒོལ་བྱས་ན་རྒྱ་གཞུང་གིས་དྲག་མཚོན་བེད་སྤྱོད་བྱེད་ངེས་རེད་ལ། དྲ་ལམ་དང་ཁ་པར་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཀྱང་བཀག་སྡོམ་བྱེད་ངེས་རེད། འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་སོགས་ནས་རིམ་བཞིན་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ན་གཞུང་གི་གནས་སྟངས་དེ་ཡང་རང་བཞིན་གྱིས་སྲ་བརྟན་མེད་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང། ཕྱོགས་ཡོངས་ནས་བཤད་ན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་གནས་སྟངས་ཧོང་ཀོང་དང་དེ་ཙམ་འདྲ་མཚུངས་མེད། འོན་ཀྱང་ཐའེ་ཝན་གྱི་གནད་དོན་ཐོག་ནས་མ་འོངས་པར་སྔོན་དཔག་བྱེད་ཡུལ་དང་མིག་དཔེ་བལྟ་ས་ཉག་གཅིག་ཡོད་པ་དེ་ཧོང་ཀོང་རེད། དེར་བརྟེན་ད་ལྟའི་ཧོང་ཀོང་གི་གནད་དོན་དེ་ཉིད་རྒྱ་ནག་གི་མ་འོངས་པའི་མདུན་ལམ་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། གནས་སྐབས་གནད་དོན་ཐག་གཅོད་ཡོང་དང་མི་ཡང་གི་འགག་རྩ་དེ་རྒྱ་གཞུང་གི་ཉེ་ཆར་ཧོང་ཀོང་དང་འབྲེལ་བའི་ཐག་གཅོད་དེ་ཕྱིར་བསྡུ་བྱ་རྒྱུའི་བློ་ཁོག་ཡོད་མེད་ཁོ་ན་ལ་རག་ལས་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།