དངུལ་གཏོང་རྒྱུ་ཡོད་ནའང་རྒས་ཁོགས་ཚོར་མི་ལྟ་མཁན་མེད་པའི་དཀའ་ངལ་ཡོད།
ཟླ་འདིའི་ཚེས་༢༧ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པ་བཙུགས་ནས་ལོ་༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་བོད་གཞུང་ཟློས་གར་ཁང་དུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པོ་ཚེ་རིང་སོགས་ཕེབས་ཡོད་པ་རེད།
ཟླ་འདིའི་ཚེས་༢༧ ཉིན་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པ་བཙུགས་ནས་ལོ་༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་བོད་གཞུང་ཟློས་གར་ཁང་དུ་འཚོགས་པ་དང་། དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པོ་ཚེ་རིང་སོགས་ཕེབས་ཡོད་པ་རེད།
མཛད་སྒོའི་ཐོག་རྒྱ་གར་ནང་གི་བོད་ཀྱི་བདེ་རྩའི་འགན་འཛིན་ཚེ་རིང་དོན་གྲུབ་ཀྱིས་ཚོགས་པའི་ལས་དོན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་སྐབས། ཚོགས་པའི་ལས་འཆར་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་འཕེལ་རྒྱས། དུད་འགྲོར་ལྟ་སྐྱོང་། རང་ཚུགས་ཐུབ་པའི་ཚོང་ལས་འཕེལ་རྒྱས་སྡེ་ཚན་བཅས་ཀྱི་འོག་ལོ་བཅུའི་རིང་ལས་དོན་མང་པོ་སྒྲུབ་ཡོད་སྐོར་གསུངས་པ་དང་། བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ལྭ་ཁ་རིན་པོ་ཆེས་ཁོང་རང་ཉིད་དེ་སྔོན་ཝར་ཎ་མཐོ་སློབ་ཀྱི་སློབ་མ་ཡིན་སྐབས་སུ་བོད་རང་དབང་བདེན་པའི་ལས་འགུལ་གསར་བཙུགས་སྐབས་དང་བླངས་ཐོག་བལ་ཡུལ་གཙོས་པའི་ས་གནས་ཁག་ཏུ་དྲིལ་ བསྒྲགས་བྱས་སྐོར། སྤྱི་འཐུས་གནང་བའི་སྐབས་སུ་དཀའ་ངལ་ཆེ་བའི་ས་ཁུལ་ཁག་ཏུ་ཇི་ལྟར་བསྐྱོད་པ། ཌེན་མག་རྒྱལ་ཁབ་ཏུ་བོད་ཀྱི་བདེ་རྩ་ཚོགས་པ་གསར་གསར་འཛུགས་བྱས་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། ཚོགས་པའི་ལས་དོན་ལ་བསྔགས་བརྗོད་གནང་བ་དང་། “ལྭ་ཁ་རིན་པོ་ཆེའི་ཕྱི་ལོ་ ༢༠༠༠ ནས་འདི་ལྟར་དགོས་ཀྱི་ཡོད་པ་གཟིགས་ནས་ལག་བསྟར་གནང་སྟེ་ལོ་བཅུ་འགྲོ་གི་ཡོད། སྤྱིར་ནང་པ་སངས་རྒྱས་ཀྱི་ཆོས་ནང་མི་བཟང་པོ་བྱེད་དགོས་སྐོར་གསུངས་པ་བཞིན་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་”ཅེས་གསུངས་སོང་།
ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། “འདས་པའི་ལོ་ངོ་བཅུའི་ནང་བོད་པའི་སྤྱི་ཚོགས་ནང་བྱས་རྗེས་ལྡན་པ་ཞིག་བྱུང་ བ་ནི། མི་གཅིག་གིས་དཀའ་ལས་བརྒྱབ་པ་ཞིག་མིན་པར་ཚང་མས་མཉམ་རུབ་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། ད་བར་ཧ་ཅང་ཡག་པོ་བྱུང་ཡོད་པ་བཞིན་མ་འོངས་པར་ཡང་དེ་མཚུངས་མུ་མཐུད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་འགན་འཁྱེར་མཁན་ནམ་སྣེ་ཁྲིད་མཁན་ཡག་པོ་ཞིག་ཡོད་ན། ལས་བྱེད་ཚང་མ་དེའི་རྗེས་སུ་འཇུག་སྟེ་རང་བཞིན་གྱིས་ཡག་པོ་ཆགས་རྒྱུ་ཡིན་པ་བཤད་མ་དགོས་པ་རེད་”ཅེས་དང་།
ཁོང་གིས་མུ་མཐུད་གསུང་དོན། “རྣམ་པ་ཚོའི་ལས་བསྡོམས་ནང་ནས་དམིགས་བསལ་རྒས་གཅོང་མགོན་མེད་ཚོར་གཟིགས་རྟོག་གནང་རྒྱུ་དེ་ཧ་ཅང་ཡག་པོ་རེད། དེང་སང་ནང་མི་ཡོད་ནའང་ནང་མི་འཁྲིས་སུ་ལྟ་རྟོག་བྱེད་མཁན་མེད་པར། ཕྲུ་གུ་ཚང་མ་ཕྱི་རྒྱལ་ལ་ཕྱིན་ནས་རྒས་ཁོགས་རྣམས་རྒྱ་གར་ལ་བཞག་ཡོད་སྟབས། དངུལ་གཏོང་རྒྱུ་ཡོད་ནའང་མི་ལྟ་མཁན་མེད་ན་རྒས་འཁོགས་དེའི་འདོད་པ་དེ་དངུལ་ཁོ་ནས་བསྒྲུབ་ཐུབ་ཐབས་མེད། དེར་བརྟེན་དངུལ་ཡོད་མཁན་ཚོས་དངུལ་གྱི་མཐུན་རྐྱེན་སྦྱར་ཏེ། འདི་གར་མིའི་ནུས་པ་བེད་སྤྱོད་བཏང་སྟེ་ཐད་ཀར་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག་”ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།།
བོད་ཀྱི་བདེ་རྩའི་སློབ་མ་ཁག་གཅིག་དང་། བོད་ཀྱི་ཟློས་གར་ཚོགས་པ་བཅས་ནས་གཞས་སྣ་འཁྲབ་སྟོན་བྱས་ཏེ། མཛད་སྒོ་གྲོལ་ཡོད་པ་རེད། བོད་ཀྱི་བདེ་རྩ་ཚོགས་པའི་ངོས་ནས་དུས་རྒྱུན་དྷ་སར་དབྱིན་ཡིག་སློབ་སའི་སློབ་གྲྭ་བཙུགས་ཡོད་པ་དང་། དེ་བཞིན་ཁྱི་ལ་སྨན་བཅོས་སོགས་ཀྱི་ལས་དོན་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།