བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དགོས་མཁོ་ཇེ་ཆེར་སོང་།

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༢༠ ནས་༢༣ བར་རྒྱ་ནག་དམར་ཤོག་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཡོད་པ་དང། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་འདིའི་ཐོག རྒྱ་ནག་གི་འཛིན་སྐྱོང་སྲིད་ཇུས་མང་པོའི་ཐད་བགྲོ་གླེང་དང་ཐག་གཅོད་བྱས་ཡོད་པའི་ནང།

 ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༢༠ ནས་༢༣ བར་རྒྱ་ནག་དམར་ཤོག་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཡོད་པ་དང། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་འདིའི་ཐོག  རྒྱ་ནག་གི་འཛིན་སྐྱོང་སྲིད་ཇུས་མང་པོའི་ཐད་བགྲོ་གླེང་དང་ཐག་གཅོད་བྱས་ཡོད་པའི་ནང། གཙོ་བོར་ཁྲིམས་སྐྱོང་གི་ཀྲུང་གོ་རྒྱལ་ཁབ་ཅིག་འཛུགས་སྐྱོང་བྱ་རྒྱུ་དེའི་ཐད་ཡིན་པ་དང། དེ་ཡང་ཚང་འཛོམས་གྲོས་ཚོགས་དེའི་ཐོག་མང་མོས་བྱུང་ཡོད་པ་ཞིག་རེད། དོན་དངོས་ཐོག་རྒྱ་ནག་གི་འདས་པའི་མཉམ་མྱོང་དང་མ་འོངས་ཚོད་དཔག་གི་གནད་དོན་མང་པོའི་དབང་གིས། རྒྱ་ནག་གིས་དུས་ཡུན་རིང་པོར་ཁྲིམས་ལུགས་དབང་འཛིན་དང་ཁྲིམས་ཁང་རིམ་པ། ཁྲིམས་དཔོན་ཆེ་ཆུང་སོགས་ཚང་མ་དམར་ཤོག་ཚོགས་པའི་སྒེར་གཅོད་དང་སྒེར་འཛིན་བྱས་པར་ནོར་འཁྲུལ་དང་གཡོན་ཐལ་ཆེ་བ་མཐོང་ནས། ད་ཐེངས་རྒྱ་ནག་དེ་ཁྲིམས་སྐྱོང་གི་རྒྱལ་ཁབ་ཅིག་ལ་བསྒྱུར་དགོས་པའི་གྲོས་ཆོད་ཅིག་བྱུང་ཡོད་པ་རེད། མང་མོས་བྱུང་བའི་གྲོས་ཆོད་འདིའང་གཙོ་བོ་མའོ་ཁི་སེ་ལེ་ཉིན་རིང་ལུགས་དང། མའོ་ཙེ་ཏུང་གི་བསམ་བློ། ཏིང་ཞའོ་ཕེན་དང་ཅང་ཙི་མིན་གྱི་“ཚབ་མཚོན་གསུམ་”གྱི་ལྟ་གྲུབ་སོགས་གཙོ་བོར་འགྱུར་པའི་ཀྲུང་གོ་དམར་ཤོག་ཚོགས་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་གི་རྒྱ་ནག་རྒྱལ་ཁབ་ཅིག་འཛུགས་སྐྱོང་བྱེད་དགོས་རྒྱུ་དེ་རེད།

དེ་ཡང་འཐུས་ཚང་གི་ཚད་ལྡན་ཁྲིམས་ལུགས་སྒྲོམ་གཞི་ལེགས་བཅོས་བྱེད་པ་དང་། ཁྲིམས་ལུགས་ལག་བསྟར་གྱི་གྲུབ་འབྲས་གོང་མཐོར་འདེགས་པ། ཁྲིམས་སྐྱོང་གི་གནད་དོན་ལ་ལྟ་སྐུལ་དོ་དམ་བྱེད་པ། ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ནུས་པ་ཇེ་མཐོར་གཏོང་བ་དང་ཡང་དག་གི་གོང་ཁྲན་ཏང་ཡོན་ནང་ཁུལ་ལ་ཁྲིམས་དང་སྒྲིག་སྲོལ་དོ་དམ་བྱེད་པ་སོགས་གཙོ་བོར་དམིགས་ནས་ཐག་གཅོད་དང་ལག་ལེན་བསྟར་རྒྱུ་ཡིན་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང། དོན་དངོས་ཐོག་གྲོས་ཆོད་འདིའི་སྒང་དངོས་སུ་ལག་ལེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་དང། གྲོས་ཆོད་འདིའི་རྒྱབ་ལྗོངས་ལ་ལྐོག་གྱུར་གྱི་གསང་བ་ཇི་ཙམ་ཡོད་མེད་སོགས་དོགས་གནས་ཅི་རིགས་ཤིག་སློངས་སྲིད་ནའང་། ད་ཐེངས་རྒྱ་ནག་གཞུང་གིས་འདི་ལྟར་མང་མོས་ཀྱི་གྲོས་ཆོད་ཅིག་བྱུང་བ་དང། ཁྲིམས་ལུགས་དབང་འཛིན་འདི་ལྟར་གལ་ཆེན་དུ་བརྩིས་པ་དེས། ང་ཚོའི་བོད་ཀྱི་འཐབ་རྩོད་ལ་དེ་སྔོན་དང་ཅུང་མི་འདྲ་བའི་ཐབས་ལམ་གསར་པ་དང་གདེང་ཚོད་གསར་པ་རེ་བྱུང་ཡོད་པར་སྙམ།

དེ་ཡང་༧གོང་ས་མཆོག་གི་རྒྱུན་དུ་ང་ཚོའི་འཐབ་རྩོད་འདི་བོད་རྒྱ་གཉིས་བར་བཀའ་མོལ་གནང་བ་དང། གྲོས་བསྡུར་བྱས་ནས་སེལ་དགོས་པ་ཞིག་ཡིན་པ་མ་ཚད། ད་དུང་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ལམ་ནས་ཕན་ཚུན་བརྡར་གཅོད་བཏང་ནས་སེལ་དགོས་པ་ཞིག་ཡིན་ཞེས་ཇི་ལྟར་བཀའ་བསྩལ་བ་བཞིན། ཁྲིམས་ལུགས་གོ་རྟོགས་ནི་ཧ་ཅང་གི་གལ་ཆེ་བ་སྨོས་མི་དགོས།

དེ་ཙམ་མ་ཟད། ཉེ་བའི་ཆར་རྒྱ་གར་གཞུང་ནས་ཀྱང་བཙན་བྱོལ་བོད་མིའི་བདེ་དོན་ཆེད་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་། སྲིད་ཇུས་ཡིག་ཆ་དེ་ཉིད་དངོས་སུ་ལག་ཏུ་མ་སོན་ནའང། བརྒྱུད་ལམ་ཁག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་འགྲེལ་བརྗོད་གནང་བར་བལྟས་ན། སྲིད་ཇུས་གསར་པ་འདིས་བཙན་བྱོལ་བོད་མི་རྣམས་ལ་དེ་སྔར་མེད་པའི་ཚོང་ལས་དང་ས་ཁང་སོགས་ཀྱི་ཐད་གུ་ཡངས་རང་བཞིན་ལྡན་པའི་ཐོབ་ཐང་མང་པོ་སྤྲད་ཡོད་ཚོད་འདུག  དེ་ནི་བཙན་བྱོལ་བོད་ཀྱི་གཞིས་ཆགས་སྲ་བརྟན་ཡོང་བ་དང་བོད་མི་ཚོ་རྒྱ་གར་ལ་རང་ཁ་རང་གསོ་དང། མདུན་ལམ་གསར་འཚོལ་བྱེད་པ་ཧ་ཅང་གལ་འགངས་ཆེ་བའི་སྲིད་ཇུས་ཤིག་ཡིན་པ། རང་གཞུང་གིས་འབད་བརྩོན་ལས་བྱུང་བའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཀྱང་ཡིན་ལགས་ན། མཚམས་འདིར་བཙན་བྱོལ་བོད་ཀྱི་ད་ཡོད་བཀའ་ཤག་གཙོས་ལས་རིགས་ཡོངས་ལ་ཞུགས་པའི་གཞུང་ཞབས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ང་ཚོ་ལ་ཐོབ་ཐང་དང་གོ་སྐབས་ཇི་ཙམ་བྱུང་ནའང་དེ་ཙམ་གྱི་འགན་དབང་མང་པོ་ཡོང་ཡོང་པ་རེད་ལ། འགན་དབང་དང་ཐོབ་ཐང་དེ་དག་ཀྱང་ཁྲིམས་ལུགས་དང་སྒྲིག་སྲོལ་གྱི་ཁྱབ་ཁོངས་དང་སྒྲོམ་གཞི་སོགས་བརྒྱུད་དགོས་པས། རང་ཕྱོགས་ནས་ཁྲིམས་ལུགས་ཀྱི་ཤེས་བྱ་དགོས་པ་དང་། ཁྲིམས་ལུགས་གནད་དོན་རྟོགས་པའི་དཔུང་ཁག་ཅིག་དགོས་པ་ཤིན་ཏུ་ནས་དགོས་གལ་ཆེ་བ་རེད། དེ་འདྲ་ཡིན་པས། བཙན་བྱོལ་སྤྱི་ཚོགས་སུ་བྱུང་དང་འབྱུང་མུས་ཡིན་པའི་བོད་ཀྱི་ཁྲིམས་རྩོད་པ་དང་། ཁྲིམས་ལུགས་རིག་པ་བ། ཁྲིམས་ལུགས་སློབ་མ་སོགས་ལ་དེ་མཐུན་གྱི་ནུས་པ་འདོན་ཐུབ་པར་གསོ་སྐྱོང་བྱེད་དགོས་ལ། ཁོང་ཚོ་ལ་དེ་ལུགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་གལ་ཆེ། ལྷག་པར་དུ་བཙན་བྱོལ་ནང་གསར་དུ་བྱུང་བའི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་སོགས་ཁྲིམས་ལུགས་ཀྱི་ནུས་པ་ལྡན་པ་དང། ཁྲིམས་ལུགས་ཐད་རིགས་ཅིག་རྐང་འཛིན་ཅན་གྱི་དཔུང་སྡེ་ཁག་ལ་གཞུང་མང་གཉིས་ནས་གང་ཐུབ་ཀྱིས་མཐུན་རྐྱེན་རོགས་རམ་གནང་དགོས་པ་ཤིན་ཏུ་གལ་ཆེ་ལ། ད་ལྟའི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་གང་གི་ཆ་ནས་ཀྱང་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དགོས་མཁོ་ཇེ་ཆེར་སོང་ཡོད་པ་བསྟན་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།