དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་ལ་དཔྱད་པའི་གཏམ།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དབུ་མའི་ལམ་དང་རང་བཙན་བར་ངོས་འཛིན་གྱི་ཚིག་སྐམ་སྟོང་བཤད་ལ་འགན་འཁུར་ནས་འགྲེལ་བཤད་རིང་ཙམ་ཐུང་ཙམ་རེ་རྒྱག་མཁན་གྱི་ཚོགས་པ་སྒྲིག་འཛུགས་དང་།
གཞུང་པ་ཚེ་དབང་བསོད་ནམས།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དབུ་མའི་ལམ་དང་རང་བཙན་བར་ངོས་འཛིན་གྱི་ཚིག་སྐམ་སྟོང་བཤད་ལ་འགན་འཁུར་ནས་འགྲེལ་བཤད་རིང་ཙམ་ཐུང་ཙམ་རེ་རྒྱག་མཁན་གྱི་ཚོགས་པ་སྒྲིག་འཛུགས་དང་། མི་སྒེར་སོགས་མཁས་པ་མང་པོ་སྐྱེད་སྲིང་བྱེད་བཞིན་པ་ནི་བོད་མི་རིགས་ལ་བསམ་ན་དགའ་བསུ་ཞུ་འོས་པ་ལས། ནམ་ཡང་ངོ་རྒོལ་བྱ་མི་ཉན་པ་ནི་བོད་ཀྱི་རྩ་དོན་ལ་དེ་སྔ་དང་མི་འདྲ་བར་མི་མང་ནས་དོ་སྣང་དང་འགན་ཁུར་ཆེ་རུ་ལེན་བཞིན་པའི་“སྤགས་ལ་དགོས་པ་སྤགས་ཁུ་དང་སྤགས་ཁུ་ལ་དགོས་རྒྱུ་དར་ར་”ཟེར་བའི་དཔེ་ལྟར། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་སྒྲུབ་ཐབས་སུ་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མང་པོ་བརྒྱུད་དགོས་པ་ནི། མང་གཙོ་དང་རང་དབང་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་ནས་ངོ་འཕྲོད་ཐུབ། ལྟ་གྲུབ་གཅིག་ལ་རེ་བ་བཅོལ་བ་དང་འགན་ཁུར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འགྲུབ་རྒྱུ་ནི་ཉིན་མོའི་སྐར་མ་ཙམ་ལས་མ་འདས།
ང་ཚོའི་རྩ་དོན་དེ་ང་ཚོས་བསྒྲུབ་དགོས་པ་ལས་གཞན་ལ་རེ་བ་བཅོལ་ནས་ནམ་ཡང་འགྲུབ་མི་ཐུབ་ལ། དགྲ་ལ་ཞུ་བ་ཕུལ་ནས་དེ་བས་ཀྱང་ཐོབ་མི་སྲིད། ང་ཚོའི་རྩ་དོན་འགྲུབ་ཐུབ་པ་ལ་ང་ཚོར་འགྱུར་ལྡོག་མེད་པའི་ཆོད་སེམས་དང་ལྷག་བསམ་གྱི་འགན་འཁུར། དམ་གཙང་གི་གཅིག་སྒྲིལ་བརྒྱུད་ནས་མགོ་མཇུག་ཡོད་པའི་སྒྲིགས་འཛུགས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་གཞི་ལ་འགན་འཁུར་ནས་འགྲོ་དགོས་པ་ལས། ཕྱོགས་གཏོགས་དང་མགོ་འདྲེན་ལ་སྐྱབས་བཅོལ་ནས་མིང་དང་གོ་ས། གཞན་ཟེར་རྗེས་འབྲང་བྱས་ནས་འགྲེལ་བཤད་རིང་ཙམ་འཐུང་ཙམ་རྒྱག་ཐུབ་པ་ཙམ་གྱིས་ང་ཚོའི་རྩ་དོན་ནམ་ཡང་འགྲུབ་མི་ཐུབ།
སངས་རྒྱས་ཀྱི་ཆོས་གསུང་སྐབས་མདོ་བསྔགས་གཉིས་ཟུང་དུ་སྦྲེལ་ནས་གསུང་ཡོད་ལ། ཕོ་མོ་གཉིས་འདུས་པ་ནས་བུ་ཕྲུག་བསྐྱེད་སྲིང་བྱེད་བཞིན་པ། དྲོད་གཤེར་གཉིས་འཛོམས་ནས་ས་ལ་འབྲས་བུ་སྨིན་པ་དང་། ལག་གཉིས་ཀྱི་ཕྱག་རྒྱ་བཅོལ་དགོས་པ། མང་གཙོའི་སྲིད་གཞུང་ཞིག་ལ་ཆ་མཚོན་ན་ཡང་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་ནས་གཞུང་འཛིན་དགོས་པ་དང་། མི་འགྲོ་སའི་ལམ་ལ་ཆ་མཚོན་ནཡང་གཞུང་ལམ་དང་མགྱོགས་ལམ། བསྐོར་ལམ་སོགས་ཡོད་ལ། འཕྲུལ་ཆས་ལ་ཆ་མཚོན་ན་ཡང་གནམ་གྲུ་དང་སྣུམ་འཁོར། མེ་འཁོར་སོགས་ཡོད་པ་ལྟར་ཆོས་སྲིད་ཀྱི་བྱ་བ་ག་འདྲ་ཞིག་བསྒྲུབ་དགོས་ནའང་འདམ་ང་མེད་པར། ལྟ་གྲུབ་གཅིག་དང་ལམ་གཅིག་བརྒྱུད་ནས་ནམ་ཡང་འགྲུབ་མི་ཐུབ་པ་དེ་ངེས་པར་དུ་མཁྱེན་པ་གནང་དགོས།
ང་ཚོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་དོན་བསྒྲུབ་པ་ལ་དབུ་མའི་ལམ་དང་རང་བཙན་གཉིས་མགོ་དང་མཇིང་པ་ལྟ་བུ་ནམ་ཡང་ཁ་འབྲལ་ཐབས་མེད་ལ། མེད་དུ་མི་རུང་བའི་ཆབ་སྲིད་ཀྱི་ཐབས་ལམ་ངོ་མ་དེ་གཉིས་ཡིན་པ་ལས་རྒྱལ་ཁབ་ཅིག་གསོན་པོར་གནས་དགོས་ན་རང་བཙན་ལས་གཞན་དུ་ཁ་ཕྱོགས་ས་མེད་པ་དང་། བོད་མི་རིགས་ལ་འཕྲད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་དབུ་མའི་ལམ་ཡིན་པ་༧གོང་ས་མཆོག་ནས་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་དགུ་པར་ཕེབས་པའི་གསུང་འཕྲིན་རིན་པོ་ཆེའི་ནང་འདི་ལྟར། (སི་ཏྲས་སེ་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་བཅད་བྱུང་བར་བརྟེན། རང་བཞིན་ནུས་མེད་དུ་གྱུར། ཕྱི་ལོ་༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་མི་རིགས་ཡོངས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁོ་ན་བརྗོད་གཞིར་བཟུང་སྟེ། གླེང་མོལ་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་འཁྲེགས་བཟུང་མ་བྱས་པར། དངོས་དོན་དང་བསྟུན་ཏེ་གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད། འདི་ལོ་འབྲེལ་མོལ་དགུ་པའི་སྐབས་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིིག་ལམ་དུ་གྱུར་ཟིན།) ཞེས་གསལ་བ་ནས་མི་མང་གི་འགོ་འཁྲིད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་། མི་སྒེར་ཟུར་གནས་མཁས་དབང་སོགས་ཀྱིས་དབུ་མའི་ལམ་དང་རང་བཙན་བར་འབྲེལ་བཤད་རིང་ཙམ་འཐུང་ཙམ་བརྒྱབ་ནས་ཞི་བའི་མི་མང་མགོ་རྙོག་ནང་དུས་ཚོད་བཏང་ནས་སྡོད་མ་དགོས་པའི་འབོད་སྐུལ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབས་ནས་གང་ཟག་སྒེར་གྱི་བསལ་ཚུལ་གླེང་པ་འདིས་ཀྱང་དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་གསལ་པོ་ཐུབ་ནས། བོད་ཀྱི་རྩ་དོན་ངོ་མ་ངོ་འཕྲོད་ཐུབ་པའི་བསྔོ་བ་མང་ཙམ་བགྱིས་ཆོག །
ཀོ་ལི་གྷལ་གཞིས་ཆགས་ནས་གཞུང་པ་ཚེ་དབང་བསོད་ནམས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༡༠ པའི་ཚེས་༥ །