ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་མངོན་བསྟོད་གླེགས་བབ་དབུ་འབྱེད།
ཟླ་འདིའི་ཚེས་༥ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཚོའི་གོ་སྒྲིག་འོག མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་ཝྭ་ཎར་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༥ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཚོའི་གོ་སྒྲིག་འོག མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་ཝྭ་ཎར་འཚོགས་ཡོད་པ་རེད།
དེ་ཡང་ཉིན་འདིའི་ཞོགས་པ་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་དུས་འཁོར་ཐང་ཆེན་དུ་སྐུ་མགྲོན་དང་མི་མང་ཡོངས་འདུ་འཛོམས་ཀྱིས། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་བསངས་གསོལ་སོགས་ཀྱི་ལས་རིམ་གྲུབ་རྗེས། ཆུ་ཚོད་༡༠ ཙམ་གྱི་ཐོག་དུས་འཁོར་ཐང་དུ་སློབ་ཟུར་རྣམས་དང་ད་ཡོད་དགེ་སློབ་རྣམས་ཀྱི་གཙོས་སེར་སྐྱ་མི་མང་ལ་ཟམ་གདོང་རིན་པོ་ཆེས་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་གནང་ཡོད་པ་རེད།
ཉིན་དེའི་ཕྱི་དྲོ་ཝཱ་ཎ་སློབ་གཉེར་ཁང་གི་ཨ་ཏི་ཤཱ་ཚོམས་ཆེན་དུ་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་དང་། ཟམ་གདོང་རིན་པོ་ཆེ་མཆོག་དང་ཡུན་རིང་ཐུགས་འདྲིས་ཆེ་བའི་གྲོགས་པོ་རྒྱ་གར་བ་མཁས་དབང་ཁིར་ཤན་ན་ཐི་(Prof. Krishnanath)གཙོས་རྒྱ་གར་གྱི་མཁས་དབང་ལྔ་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིག་དང་། སྤྱི་འཐུས་པདྨ་འབྱུང་གནས་སོགས་ཕེབས་ཡོད་པ་རེད།
མཛད་སྒོའི་ཐོག་བཀའ་ཟུར་ཐུབ་བསྟན་ལུང་རིགས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། ༼རང་རེ་བཙན་བྱོལ་དུ་འབྱོར་རྗེས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་དགོས་གལ་ཛ་དྲག་ཏུ་མཐོང་སྟེ། འདི་ནས་བཀོད་མངགས་བགྱིས་པ་ལྟར། རིན་པོ་ཆེ་ཉིད་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ཁག་ཏུ་ལྷག་བསམ་སྙིང་སྟོབས་ཆེན་པོས་རྐང་འགན་བཞེས་པའི་མཛད་རྗེས་ཝཱ་ཎ་ཡི་ལོ་རྒྱུས་གླེགས་བམ་ནང་འཁོད་ཡོད་པ་ལྟར་དང་། དེ་བཞིན་མང་གཙོའི་ལམ་སྲོལ་དུས་བསྟུན་འཕེལ་རྒྱས་ཆེད་ལམ་དུ་བཀྲི་ཕྱིར་ངོས་ནས་ཐད་བསྐོས་སྤྱི་འཐུས་བསྐོ་བཞག་བགྱིས་པ་དང་ལེན་གྱིས་སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་བཟུང། སྐབས་གཉིས་ཀྱི་ཚོགས་གཙོ་ཡི་འགན་འཁུར་རིང་ཁྲིམས་སྒྲིག་ཡིག་ཆ་མང་པོ་གཏན་འབེབས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་དང། དེ་རྗེས་བཀའ་ཤག་སྐབས་བཅུ་གཉིས་པའིོ་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མིའི་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་མོས་ཐོབ་སྟེ། དེ་ནས་སྐབས་གཉིས་རིང་ཆབ་སྲིད་ཀྱི་འགན་དབང་གང་ཅིར་འཐུས་ཤོར་མེད་པར་མདུན་བསྐྱོད་བྱེད་ཐུབ་པ་བྱུང་ཞིང། མི་ལོ་ལྔ་བཅུ་བརྒལ་བའི་རིང་འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་གི་དུས་སྐབས་འདིར་བྱས་རྗེས་ཆེན་པོ་བྱུང་ཡོད་༽ཅེས་སོགས་འཁོད་འདུག
དེ་རྗེས་སྐུ་མགྲོན་གཙོ་བོ་ཁིར་ཤན་ན་ཐི་གཙོས་སྐུ་མགྲོན་རྒྱ་གར་གྱི་མཁས་དབང་རྣམ་པས་རིན་པོ་ཆེ་མཆོག་གི་འགྲན་ཟླ་བྲལ་བའི་མཁྱེན་དཔྱོད་དང་། འདོད་ཆུང་ཆོག་ཤེས། ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་འབྲས་བཞིན་སྲུང་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ནང་པ་ཡོངས་ཀྱི་གཙུག་ནོར། བོད་མི་རིགས་ཀྱི་སྤོབས་པ་དང་ངོམས་སོ་བྱེད་འོས་པའི་མཁས་དབང་བཅས་ཡིན་སྐོར་གསུངས་པ་དང་། སྐུ་མགྲོན་གཙོ་བོས་ཝཱར་ཎ་སློབ་ཟུར་ཡོངས་ནས་<<དྲན་རྟེན་གླེགས་བམ་>>ཞེས་པ་ཚོན་ལྡན་བརྙན་དེབ་དབུ་འབྱེད་གནང་ཡོད་པ་རེད།
དཔེ་དེབ་དེ་ནི་ལེའུ་གསུམ་གྱི་བདག་ཉིད་ཅན་གྱི་སྐྱེས་ཆེན་ཁག་གིས་མཛད་པའི་མཁས་དབང་ཟམ་གདོང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཁག་ད་། རིན་པོ་ཆེ་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་ཡར་རྒྱས་ཀྱི་ལམ་དུ་འཁྲིད་གནང་མཛད་པའི་བྱུང་རིམ་པར་རིས་དང་འགྲེལ་བཤད་སྦྲགས་མ། སློབ་གཉེར་ཁང་ནས་ཐོན་པའི་སློབ་ཟུར་ཁག་གིས་བོད་ཀྱི་ཆོས་རིག་སྲི་ཞུ་ཅི་ལྟར་སྒྲུབ་ཡོད་མེད་བཅས་ཀྱི་པར་རིས་དང་ལོ་རྒྱུས་སྙིང་བསྡུས་ཁྱོན་རྩོམ་ཡིག་གྲངས་༦༤ གྲུབ་ཡོད་པ་རེད།
དེའི་རྗེས་ཚོགས་ཟུར་པདྨ་འབྱུང་གནས་མཆོག་གིས་སློབ་ཟུར་རྣམས་ཀྱིས་ཕུལ་བའི་མངོན་བསྟོད་ཡི་གེ་དང་། གཞན་ཡང་བོད་ཕྱི་ནང་གི་མཁས་དབང་དང་རྩོམ་པ་པོ་མང་པོས་ཤིས་ཚིག་བསྐུར་བ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤེན་པ་རྡོ་རྗེ་གཉིས་ནས་སྒྲོགས་སྦྱང་གནང་། དེའི་རྗེས་རྒྱུད་སྟོད་གྲྭ་ཚང་དང་ཕ་སྐད་གཙང་མའི་ཚོགས་པ་བཅས་ཀྱིས་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་སོགས་རྟེན་གསུམ་འབུལ་ལམ་ཞུས་རྗེས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁས་དབང་བྱམས་པ་བསམ་གཏན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཉིན་རྒྱབ་ཀྱི་མཛད་སྒོ་གྲུབ་ཡོད་པ་རེད།
དེ་ནས་དགོང་མོའི་ཆུ་ཚོད་༦།༣༠ ཙམ་གྱི་ཐོག་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་གྱིས་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དཔར་བསྐྲུན་བྱས་པའི་<<སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་>>ཞེས་པའི་དཔེ་དེབ་གཅིག་དང་། མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་རྩོམ་དང་གཏམ་བཤད་སོགས་སྡེ་ཚན་སྣ་མང་འདུ་ཞིང་། བོད་ཀྱི་རིག་གནས་དང་ཆབ་སྲིད། བྱུང་རབས་བཅས་ཀྱི་རྒྱུ་ཆ་མེད་དུ་མི་རུང་བར་འགྱུར་བར་ཐེ་ཚོམ་མེད་པ། བོད་ཕྱི་ནང་གཙོས་ས་ཕྱོགས་གང་སར་གཟིགས་བདེའི་ཆེད་མཁས་དབང་ཟམ་གདོང་རིན་པོ་ཆེ་ཞེས་པའི་དྲ་རྒྱ་www.samdhongrinpoche.com དབྱིན་བོད་གཉིས་ལྡན་ཅན་ཞིག་གསར་བཟོ་བྱས་ཡོད་པ་དེ་དབུ་འབྱེད་གནང་ཡོད་པ་རེད།
སྐབས་དེར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་མངོན་བསྟོད་གླེགས་བམ་དང་དམིགས་བསམ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མིང་ཐོག་ནས་དྲ་རྒྱ་འདི་འདྲ་ཞིག་གསར་བཟོ་བྱེད་དགོས་པའི་དགོས་པ་དང་རྒྱུ་མཚན་བཅས་ངོ་སྤྲོད་གྲུབ་མཚམས། བོད་དང་འབྲུག ལ་དྭགས། བལ་ཡུལ། རྒྱ་གར་བཅས་ཀྱི་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།
གཞན་ཡང་ཉིན་འདིར་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཆུ་བོ་གངྒྷའི་ནང་ཉ་སྟོང་ཚོ་བཞི་ཙམ་ཚེ་ཐར་སྲོག་བསླུ་བཏང་ཡོད་སྐོར་སོགས་ཀྱི་གནས་ཚུལ་སངས་རྒྱས་རྡོ་རྗེས་མཁོ་སྤྲོད་གནང་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།