བཙན་བྱོལ་བོད་མིའི་སློབ་མ་ཚོས་བོད་ཡིག་སྦྱོང་གི་རེད། ཡིན་ཡང་ཆ་རྐྱེན་ཚང་དགོས་པ་རེད།
རེས་གཟའ་སྤེན་པའི་གུང་སེང་སྐབས་ངོ་དེབ་ནང་སྤེལ་བའི་བསམ་ཚུལ་ཞིག “རིགས་ལམ་སྦྱོང་མཁན་དང་མི་སྦྱོང་བར་ལ་ཁྱད་པར་ཤིན་ཏུ་ཆེ། དེར་བརྟེན་གཞི་རིམ་སློབ་གྲྭ་ཁག་ལ་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་དགོས་འདུག”ཅེས་འབྲི་སྐབས་བསམ་ཚུལ་གྱི་ཟུར་མཆན་ཞིག་ནང་བཀོད་པ་ལྟར་ན།
ཡེ་ཤེས་བསྟན་འཛིན། བྷུན་ཏར་དགེ་འོས་མཐོ་སློབ་ལོ་རིམ་གསུམ་པ།
རེས་གཟའ་སྤེན་པའི་གུང་སེང་སྐབས་ངོ་དེབ་ནང་སྤེལ་བའི་བསམ་ཚུལ་ཞིག “རིགས་ལམ་སྦྱོང་མཁན་དང་མི་སྦྱོང་བར་ལ་ཁྱད་པར་ཤིན་ཏུ་ཆེ། དེར་བརྟེན་གཞི་རིམ་སློབ་གྲྭ་ཁག་ལ་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་དགོས་འདུག”ཅེས་འབྲི་སྐབས་བསམ་ཚུལ་གྱི་ཟུར་མཆན་ཞིག་ནང་བཀོད་པ་ལྟར་ན། “གཞི་རིམ་སློབ་གྲྭའི་ཁྲོད་ན་བོད་ཡིག་གི་གནས་བབས་ཆེས་ཤིན་ཏུ་སྐྱོ་བའི་ཐོག་ལ། བོད་ཡིག་ཟེར་དུས་མདུན་ལམ་མེད་པ་འདྲ་པོ་ཞིག་དང། ཁ་གསོ་མི་ཐུབ་པའི་དགོས་མེད་ཚན་པ་ཞིག་ལ་ངོས་འཛིན་ཚུལ་འདིར་ལྟོས་ན། བཙན་བྱོལ་གཞིས་ཆགས་ཀྱི་སྤྱི་ཚོགས་འདིར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱས་ཏེ། མ་འོངས་བོད་ཀྱི་བློ་གཏད་བཅོལ་སའི་མི་རབས་ཡོང་བར་དཀའ་ལས་ཁག་ཙམ་རེད་འདུག་སྙམ། བཙན་བྱོལ་བོད་ཕྲུག་རྣམས་ཀྱིས་བོད་ཡིག་སྦྱོང་གི་མ་རེད།”ཟེར་བ་ལྟ་བུའི་བསམ་ཚུལ་མི་འདྲ་ཁག་གི་བསམ་ཚུལ་ཁ་ཕྱོགས་གཅིག་ལྟར་བཀོད་འདུག དེ་འདྲ་བའི་བསམ་ཚུལ་མང་དྲགས་མེད་ན་ཡང་ཉུང་དྲགས་པ་ནམ་ཡང་མིན། དེར་བརྟེན་བསམ་བློ་མ་བཏང་ཀ་མེད་དང་དེའི་དགོང་མོ་བརྗོད་གཞི་དེའི་ཐོག་སློབ་འཁྲིད་ཐབས་ལམ་གྱི་སྐད་འཕྲིན་ནང་རང་ཉིད་ཀྱིས་དྲི་བ་དང་ཁ་མཐུན་ཡིད་ཆེས་མེད་པར་བགྲོ་གླེང་མ་བྱེད་རང་བྱེད་ལ་ཐུག་སོང། རྩོམ་ཐུང་ཞིག་མ་བྲིས་ཀ་མེད་ཆགས་སོང།
དེ་རིང་ང་ལ་གཞི་རིམ་སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱིས་བོད་ཡིག་སྦྱང་གི་རེད་དང་མ་རེད་ཟེར་བ་ཡིན་ན། ངས་སྦྱོང་གི་རེད་ཅེས་སྐད་གསེང་མཐོན་པོས་ཞུ་རྒྱུ་ཡིན། ཁོང་རྣམས་ཀྱིས་སྦྱོང་གི་རེད་ཟེར་ན་རྒྱུ་མཚན་ཡོད་ལ། དེར་བརྟེན་སྦྱོང་དགོས་པའི་ཆ་རྐྱེན་ཆ་ཚང་ཞིག་སྐྲུན་དགོས། དེ་སྔོན་མ་སྦྱངས་པའི་རྐྱེན་ཡང་ང་ཚོ་ཚང་མས་ནོར་འཁྲུལ་བྱས་པ་དང་ད་ལྟ་སྔར་གྱི་གཞིར་བཞག་ཐོག་གཞི་རིམ་སློབ་གྲྭ་ཁག་གིས་བོད་ཡིག་སྦྱོང་གི་མ་རེད་ཟེར་སྲོལ་ཡོད། དེ་ནམ་ཡང་མི་ཤོད། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཡིག་མི་སྦྱོང་བའི་རྒྱུ་རྐྱེན་དེང་གི་དུས་ལ་སྤྱི་ཚོགས་ཁྲོད་ཁ་སྐོང་ཐུབ་ན་བཙན་བྱོལ་བོད་ཕྲུག་རྣམས་ཀྱིས་བོད་ཡིག་སྦྱང་རྒྱུ་ཉག་གཅིག་རེད། གཤམ་དུ་དོ་སྣང་བྱ་དགོས་པའི་དོན་ཚན་བཞི་རུ་བཀོད་ཡོད། དེ་རྣམས་ཀློག་ཙམ་མ་ཡིན་པར། ཐུགས་སྣང་ངང་རིག་པས་དཔྱད་ནས་ཁ་སྐོང་སླད་བསམ་ཚུལ་དགག་སྒྲུབ་གང་ཡོད་ལྷན་གཅིག་གནང་རོགས།
དོན་ཚན་དང་པོ། སྤྱི་ཚོགས་ཀྱི་ཞན་ཆ། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་རྒན་གཞོན་དང། ཕོ་མོ། སེར་སྐྱ་དབྱེར་མེད་ཀྱིས་སྤྱི་ཚོགས་ཁྲོད་གང་ཡང་རིག་པས་དཔྱད་གཞི་དང་འགྲུབ་གཞི་མེད་པར་ཕྱིན་ཅི་ལོག་པའི་ལྟ་བ་ཁྱེར་ནས། མ་འོངས་མདུན་ལམ་ལ་དཀྲོག་གཏམ་དེ་འདྲ་རིགས་སྤེལ་དང་སྤེལ་བཞིན་འདུག མའི་མངལ་ནང་ཕྲུ་གུ་ཞུགས་ནས་ཟླ་དགུ་རྗེས་འཛམ་གླིང་མཐོང་བ་ནས་ལོ་ན་མ་སོན་བར་ཕ་མས་བསླབ་བྱ་ནི་དབྱིན་ཇི་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཕྱི་རྒྱལ་ལ་སོང་ནས་དངུལ་གསོག་དགོས་རེད། དབྱིན་ཇི་མ་ཤེས་ཐབས་མེད་རེད་ལ། བོད་ཡིག་སྦྱོང་ན་ཁ་ལག་ཀྱང་རག་གི་མ་རེད། དེ་བཞིན་ཁྱེད་རང་སྐད་སྒྱུར་བྱས་ན་གང་འདྲ་འདུག སྐད་སྒྱུར་བྱས་ན་དབྱིན་ཇི་ནི་ཆ་རྐྱེན་དང་པོ་རེད་ལ་དེ་ནས་ཁྱོད་རང་གིས་དཔལ་འབྱོར་གང་ལེགས་གསོག་ཐུབ་ཀྱི་རེད་ཅེས་ནམ་རྒྱུན་ནས་ལམ་སྟོན་དེ་འདྲ་ཆུང་དུས་ནས་བྱེད་ཀྱི་ཡོད། དེ་བཞིན་ཕྱི་ལ་མི་ཚོགས་ནང་སློབ་གྲྭ་དང་། གྲྭ་ས། ཇ་ཁང། སོགས་དུས་ཆེན་དང་དུས་དྲན་གྱི་འདུ་འཛོམས། སྤྲོ་སྐྱིད་ཀྱི་འདུ་འཛོམས། ཁྲོམ་སྐོར་བཅས་ལ་གླེང་མོལ་ཧུར་ལེན་སྐབས་དབྱིན་ཇི་དང་ཕྱི་རྒྱལ་གལ་ཆེན་པོ་ཡིན་པ་གླེང་གི་ཡོད་པ་ནི་ཁ་ཡི་མ་ཎི་དང། དབྱིན་སྐད་རྒྱག་མཁན་འདྲ་མཐོང་ན་དམིགས་བསལ་མཐོང་ཆེན། དེང་རབས་ཀྱི་མཆོར་ཆས་དབྱིན་ཇི་མགོ་སེར་བཞིན་ཁྲ་ཁྲ་ཟང་ཟིང་སྤྲས་མཁན་ལ་མཛངས་མར་བརྩི་སྲོལ་ཞིག་ཡོད་ལ། ད་དུང་བཙན་བྱོལ་བོད་ཕྲུག་རྣམས་ཀྱིས་བོད་ཡིག་སྦྱོང་གི་མ་རེད་ལ། དབྱིན་ཇི་གལ་ཆེན་པོ་བརྩི་ཡི་རེད་ཅེས་བོད་ཕྲུག་རྣམས་ཆུང་བྱིས་པའི་དུས་ནས་གཞི་རིམ་སློབ་མ་དང་མཐོ་སློབ་བར་ཐོས་རྒྱུ་ཡོད་པ་དེ་ནི་ཁྱེད་རྣམས་ཀྱིས་དཀྲོག་གཏམ་བརྒྱུད་གཏོང་ཞིག་གི་བྱ་གཞག་ཅིག་རེད། དེར་བརྟེན་སྤྱི་ཚོགས་ཁྲོད་བོད་ཕྲུག་རྣམས་ལ་དབྱིན་ཇི་གལ་ཆེན་པོ་ཡིན་སྲོལ་དང། དངུལ་གསོག་ཆེད་ཕྱི་རྒྱལ་ལ་འགྲོ་དགོས་ཚུལ་སོགས་སློབ་གསོ་གནང་བ་ལས། སོ་སོའི་མི་རིགས་ཤི་གསོན་ལ་ཐུག་པའི་སྐད་ཡིག་རིག་གཞུང་རྣམས་གལ་ཆེན་པོ་ཡིན་པ་དང། མི་རིགས་ཀྱི་ལྟ་གྲུབ་གང་ལེགས་ཡོད་མཁན་ཞིག་བསྐྲུན་ཐུབ་ན། བཙན་བྱོལ་བོད་ཕྲུག་རྣམས་ཀྱིས་རང་འགན་རང་ཁུར་གྱིས་བོད་ཡིག་སྦྱོང་གི་རེད་ལ་གཞན་ལ་སློབ་ཁྲིད་སྤེལ་གསུམ་བྱེད་ཀྱི་རེད།
གཉིས་པ། དགེ་རྒན་ཐུན་མོང་གིས་བཤད་སྲོལ་ཞིག་ལ། བཙན་བྱོལ་སློབ་ཕྲུག་རྣམས་ལ་བོད་ཡིག་སློབ་ཕྱིར་སློབ་ཁྲིད་ཐབས་ལམ་ཡོད་མ་རེད་། ཁ་ཕྱོགས་གང་འདྲ་ཞིག་འཚོལ་ན་བཙན་བྱོལ་སློབ་མ་རྣམས་ཀྱིས་བོད་ཡིག་སྦྱོང་གི་མ་རེད་ཟེར་ནས་དགེ་རྒན་རང་ཉིད་སེམས་ཤུགས་དང་དཔའ་ཞུམ་ནས་བསྡད་ན་ག་ལ་ཡོང། སྤྱིར་སློབ་མ་གང་རུང་ཞིག་སྐད་ཡིག་གང་ཞིག་ལ་དོ་སྣང་དང་སྤྲོ་བ་ཡོང་མིན་གཙོ་བོ་ཆ་རྐྱེན་ཞིག་ནི། དགེ་རྒན་གྱི་སློབ་ཁྲིད་ཀྱི་ཐབས་ལམ། དགེ་རྒན་དང་སློབ་མའི་བར་ལ་འབྲེལ་བ་དང། དགེ་རྒན་གྱི་ཤེས་ཡོན་ཆུ་ཚད་བཅས་ལ་རག་ལུས་ཡོད་པ་ནི་ཁ་གསལ་གཏིང་གསལ་རེད། དགེ་རྒན་གྱིས་སྐད་ཡིག་སློབ་ཁྲིད་གནང་སྐབས་སློབ་ཚན་དང་ལས་འགན་གཞིར་བཞག་རྐྱང་པ་མ་ཡིན་པར། དེ་ལས་སྤྱིར་བཏང་གི་སློབ་ཚན་དང་སློབ་གསོ། མི་རིགས་ཀྱི་སློབ་གསོ། རྩོམ་པ་པོ་རྣམས་ཀྱི་རྩོམ་དེབ་ངོ་སྤྲོད་དང། དེའི་ནང་གི་རྩོམ་དང་སྙན་ངག་གི་འགྲེལ་བ་དང་དེ་མཚུངས་འབྲི་སྟངས་འཇུག་དགོས་པ། བོད་གཞིས་བྱེས་དང་འཛམ་གླིང་ཁག་གི་མཁས་དབང་ཁག་གི་མི་ཚེ་ལོ་རྒྱུས། བོད་དང་ཡུལ་གཞན་གྱི་བྱུང་རབས་ལོ་རྒྱུས། མདོར་ན་སློབ་མ་རང་ཉིད་ཀྱི་རིག་པའི་གནས་ཚད་དང་བློ་འདོད་འཚམས་པའི་སློབ་ཁྲིད་བྱེད་ཐུབ་ན་བོད་པའི་སྐད་ཡིག་ལ་ཞབས་འདེགས་གང་ལེགས་འགྲུབ་ངེས་རེད་ལ། མདོར་ན། སློབ་མ་ལ་མཚར་གཏམ། བྱིས་པའི་སྒྲུང། བརྩེ་དུང་གི་སྒྲུང་དང་སྙན་ངག་སོགས་སློབ་ཁྲིད་འཚམ་པ་འདུག་ན་སྐད་ཡིག་ལ་དོ་སྣང་དང་ཡར་རྒྱས་སླད་དགེ་རྒན་གྱིས་སློབ་ཁྲིད་བྱེད་དགོས་པར་མཐོང།
དེ་མིན་གྱི་སློབ་ཚན་ཁོ་ན་དུས་ཐོག་ཏུ་ཚར་རྒྱུ་ལས་སློབ་མས་ཤེས་མིན་དང། རིག་པའི་གནས་ཚད་དང་འཚམས་པ། བློར་སྤྲོ་བ་མེད་ན་བཙན་བྱོལ་བོད་ཕྲུག་བོད་ཡིག་གནད་གཞི་དང་བོད་ཡིག་ལ་སྤྲོ་བ་ནམ་ཡང་ཡོང་མི་སྲིད་ཀྱང་། དགེ་རྒན་དང་སློབ་མ་གཉིས་ཀར་ཉེས་པ་ཕོག་བཞིན་རེད་ལ། གུ་ཡངས་ཀྱི་སྲིད་བྱུས་ག་ལ་ཡིན།
གསུམ་པ། ཕ་མ་དང་ཁྱིམ་ཚང་གིས་རྒྱུན་དུ་རང་ཉིད་གདོང་དམར་སྤྲེལ་ཕྲུག་གི་གདུང་རྒྱུད་ཅིག་ཡིན་ཕྱིར་བོད་མི་རིགས་ཀྱི་ངོ་བོ་དང་ལས་འགན་དུས་རྒྱུན་དྲན་དགོས་པ་ལས་བརྗེད་མི་ཉན། ད་དུང་ཕ་མ་རྣམས་ཀྱིས་རང་ཁྱིམ་བཞག་ནས་ཕྱིར་ཁྱིམ་ལ་འགྲོ་དགོས་པའི་ལམ་སྟོན་དང། རང་སྐད་བཞག་ནས་ཕྱིའི་སྐད་རྒྱག་དགོས་པའི་ལམ་སྟོན། རང་ལུགས་བཞག་ནས་ཕྱིའི་ལུགས་སྲོལ་འཛིན་དགོས་པ་དེང་གི་སྤྱི་ཚོགས་ནང་གང་མང་ཡོད་པས་ཐུགས་བསམ་བཞེས་རོགས། དེ་ནི་ཇ་ལན་ཆུ་འཇལ་ལྟར་ཡིན་པར་ཐུགས་སྣང་ཡོད་པར་སེམས། དེ་ལས་ཁྱིམ་ནང་ལ་ཕ་མ་ཕན་ཚུན། གྲོང་མི་ཕན་ཚུན། སྤུན་མཆེད་ཕན་ཚུན་བོད་སྐད་གཙང་མ་ཞེ་སའི་ཐོག་ནས་གླེང་མོལ་དང་། རབས་འབྱུང་ན་ཕ་ཡུལ་གྱི་ལོ་རྒྱུས། གནའ་སྒྲུང། བོད་རང་བཙན་དང་རང་དབང་ཤོར་སྲོལ་སོགས་དང་མི་རིགས་དང། སྐད་ཡིག་འཛིན་སྐྱོང་གནང་ཐུབ་པ་ཡིན་ན་རང་གི་བུ་ཚ་རྣམས་ལ་བོད་དང་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་དང་སྤྲོ་བ་སླེབས་ཕྱིར་ཕན་ཡོན་ཆེན་པོ་ཡོད་པ་ནི་སྨོས་མི་དགོས་པ་ཡིན། བུ་ཚས་བོད་སྐད་གང་འདྲ་བཤད་མིན་དང་བོད་སྐད་ལ་དོ་སྣང་ཡོང་མིན་ནི་ཐོག་མར་དགེ་རྒན་དང་པོ་ཕ་མ་ལ་རག་ལས་ཡོད་པས། བཙན་བྱོལ་བོད་ཕྲུག་གིས་བོད་ཡིག་སྦྱོང་བ་ལ་ཕ་མ་དང་ཁྱིམ་ཚང་གིས་འགན་འཁུར་ཐུབ་ན། ཁོང་རྣམས་ཀྱིས་སྦྱོང་གི་རེད།
བཞི་པ། ཆ་རྐྱེན་དང་གྲུབ་འབྲས་ཟུང་འབྲེལ། སྤྱི་ཚོགས་ཁྲོད་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཡིག་སྦྱོང་གི་མ་རེད་ཅེས་དཀྲོག་གཏམ་དང། དགེ་རྒན་དང་ཕ་མ་བཅས་སེམས་ཤུགས་ཆག་ནས་ཤུགས་མ་བརྒྱབ་ཚེ། སློབ་མ་ལ་ཁག་མེད། ཡིན་ཡང་སློབ་མ་རང་ཉིད་ལ་ཆ་རྐྱེན་དེ་ཚང་མ་ཁ་བསྐངས་ཟིན་ནས་བཙན་བྱོལ་སློབ་མ་རྣམས་ཀྱིས་བོད་ཡིག་སྦྱོང་གི་མ་རེད་ཟེར་ན་དེ་ལ་རྒྱུ་མཚན་ཡོད། བཙན་བྱོལ་བོད་ཕྲུག་རྣམས་ཀྱིས་ཆ་རྐྱེན་དེ་རྣམས་ཡོད་ན་བོད་ཡིག་སྦྱོང་གི་རེད་ལ། བོད་ཡིག་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ལྡན་ནས་སྤྱི་ཚོགས་ཁྲོད་མཁས་པའི་གོ་འཕང་འཐོབ་རྒྱུར་གདོན་མི་ཟའོ།།
༢༠༡༤ཟླ་༡༡ ཚེས་༢ ཉིན།