དེབ་ཉོ་མཁན་ཁག་ཅིག་གིས་དེབ་ཀློག་ཆེད་དུ་མ་ཡིན་པར་རྒྱབ་སྐྱོར་གྱི་ཚུལ་དུ་ཉོ་ཡི་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༤༨ ལོའི་ཟླ་༡༢ ཚེས་༡༠ ཉིན། “རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་”གཏན་འབེབས་དང་། ༡༩༥༠ ལོ་ནས་བཟུང་ཕྱི་ཟླ་༡༢ ཚེས་༡༠ ཉིན་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ངོས་འཛིན་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༤༨ ལོའི་ཟླ་༡༢ ཚེས་༡༠ ཉིན། “རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་”གཏན་འབེབས་དང་།  ༡༩༥༠ ལོ་ནས་བཟུང་ཕྱི་ཟླ་༡༢ ཚེས་༡༠ ཉིན་ནི།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ངོས་འཛིན་བྱས་ཡོད་པ་རེད།

_MG_3929༢༠༡༤ ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་༢༥ འཁོར་བའི་དུས་དྲན་ཡིན་པས། ཉིན་མོ་དེར་བོད་རིགས་གནས་སྡོད་བྱེད་སའི་ས་གནས་གང་སར་དུས་ཆེན་དེ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་གི་ངོས་ནས་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ང་ཉིན་དེའི་ཞོགས་པ་ནམ་རྒྱུན་ལས་ཅུང་སྔ་པོ་མལ་ལས་ལངས་ཏེ་དུས་དྲན་སྲུང་བརྩི་བྱེད་སར་བསྐྱོད་སྐབས། གནམ་གཤིས་ཧ་ཅང་གསལ་ལ་དྲོ་གྲང་སྙོམས་པོ་འདུག དྷ་སའི་གཞུང་ལམ་གུ་དོག་པོ་དང་འཁོད་སྙོམས་པོ་མེད་ལ། དེ་རིང་རླངས་འཁོར་རིགས་ཀྱང་འགྲོ་བསྐྱོད་མང་བས་ཐལ་རྡུལ་འཚུབ་པ་ཡང་སྔར་ལས་ཤུགས་ཆེ་བ་འདུག

བོད་མི་ཚོས་རྒྱས་སྤྲོས་སྣ་ཚོགས་བྱས་ཏེ་མཛད་སྒོའི་ཐོག་བསྐྱོད་བཞིན་འདུག་ལ། དེ་བཞིན་ཕྱི་རྒྱལ་མི་རིགས་དང་རྒྱ་གར་བ་སོགས་མང་པོ་འདུག ཉིན་དེར་སྔར་དང་མི་འདྲ་བར་ལམ་བར་དུ་རྒྱ་གར་ཉེན་རྟོག་མི་སྣ་དང་། འགྲིམ་འགྲུལ་ཉེན་རྟོག་པ་སོགས་ཀྱིས་ལྟ་སྲུང་དང་རླངས་འཁོར་རིགས་འཚང་ཁ་མ་ཆགས་ཆེད་འགྲོ་བསྐྱོད་ལམ་སྟོན་དང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རླངས་འཁོར་རིགས་འགྲོ་རྒྱུ་བཀག་འགོག་བྱས་འདུག དེ་ནི་ཉིན་དེར་བོད་མིའི་དུས་དྲན་སྲུང་བརྩིའི་ཐོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་མགྲོན་དུ་ཕེབས་ཀྱི་ཡོད་པས་རེད་འདུག

_MG_3957ང་མཛད་སྒོ་དངོས་གཞིའི་ཐོག་མ་སོང་བར་གཙུག་ལག་ཁང་གི་སྒོ་འགྲམ་དུ་རྣམ་གཡེང་ལྟ་ཉུལ་བྱས་ནས་བསྡད་པ་ཡིན་ལ། དེར་ཟ་བཅའ་ཙག་ཙིག་རིགས་བཙོང་མཁན་དང་། བོད་དོན་ཁྱབ་བསྒྲགས་ཡིག་ཆ་འགྲེམས་སྤེལ་བྱེད་མཁན། ཞལ་འདེབས་བསྡུ་སློང་བྱེད་མཁན་དང་། རྒྱ་གར་སློང་མོ་བ་སོགས་མང་པོ་འདུག དེ་བཞིན་ཉིན་དེར་དེབ་རིགས་འདྲ་མིན་བཙོང་མཁན་མང་པོ་འདུག་ལ། དྷ་ས་དཔེ་སྟོན་སློབ་གྲྭའི་སློབ་མ་དང་། གསོག་སྒར་སློབ་གྲྭ་སོགས་ཀྱི་སློབ་མའི་ངོས་ནས་འདོན་སྤེལ་བྱས་པའི་ཚགས་པར་བཙོང་བཞིན་པ་མ་ཟད། ཚང་མས་དེབ་དང་ཚགས་པར་ཉོ་རོགས་ཞེས་སྐད་གསེང་མཐོན་པོས་མི་མང་ཁྲོད་སྒྲོག་བཞིན་འདུག དེབ་དང་ཚགས་པར་ཉོ་མཁན་ཁག་ཅིག་གིས་དེབ་ཀློག་ཆེད་དུ་མ་ཡིན་པར་དེབ་འདོན་མཁན་དེར་རྒྱབ་སྐྱོར་གྱི་ཚུལ་དུ་ཉོ་ཡི་ཡོད་པའི་མཐོང་སྣང་བྱུང་ལ། དེབ་བཙོང་མཁན་ཞིག་གིས་ཀྱང་དེ་ལྟར་འགྲེལ་བརྗོད་བྱེད་ཀྱི་འདུག དུས་རྒྱུན་དྷ་སར་དེབ་ཀྱི་རིགས་དེ་ཙམ་བྲིན་པོ་མེད་ལ། ཚགས་པར་བཙོང་མཁན་བུད་མེད་སློབ་མ་ཞིག་གིས་“བུད་མེད་ཚགས་པར་ཉོ་མཁན་མི་འདུག་”ཅེས་བརྗོད་བཞིན་འདུག

_MG_3948ངས་སྐབས་དེར་དེབ་དང་ཚགས་པར་ཁག་ཅིག་ཉོས་པ་དང་། སཱ་ར་མཐོ་སློབ་ཀྱི་སློབ་མ་ཚོས་དེབ་བཙོང་བཞིན་ཡོད་པ་དེའི་སྐོར་ལ་བཅར་འདྲི་བྱས་པར། དེབ་བཙོང་མཁན་སློབ་མ་དཀོན་མཆོག་བསྟན་འཛིན་གྱིས་བརྗོད་དོན། “ང་ཚོ་སཱ་ར་མཐོ་སློབ་ཀྱི་རྩོམ་རིགས་ཚོགས་ཆུང་གསར་པ་ཡིན། སྔོན་མ་ཚོར་དེ་ཙམ་རྒྱུས་མངའ་མེད། ཡིན་ཡང་ད་ལོ་དེབ་གསར་པ་རིག་གཞུང་གི་ཆེད་དེབ་ཁག་ཅིག་བཙོང་གི་ཡོད་ལ། དེབ་མང་པོ་ཚོང་གི་མི་འདུག་”ཅེས་བརྗོད་སོང་།

བཙན་བྱོལ་ནང་དེབ་ག་རེའི་སྐོར་མང་བ་ཚོང་གི་རེད་ཅེས་དྲིས་པར། ཁོང་གིས་“དེའི་སྐོར་ལ་རྒྱུས་མངའ་ཆེན་པོ་མེད། སྤྱིར་བཏང་དེབ་ཁག་ཅིག་ནམ་རྒྱུན་དོ་སྣང་ཡོད་མཁན་དང་། བོད་ཡིག་ཚད་མཐོན་པོ་ཡོད་མཁན་ཚོར་དགོས་པ་ལས། དེབ་ཕལ་བ་རྒྱུན་ཤེས་ཀྱི་རིགས་འདྲ་མིན་བཙོང་རྒྱུ་ཡོད་པ་མ་རེད། ཆེད་དུ་བོད་ཡིག་ལ་དོ་སྣང་ཡོད་མཁན་ཞིག་མིན་ན་ཉོ་རྒྱུ་ཁག་པོ་རེད་བསམ་གྱི་འདུག སྤྱིར་བཏང་བོད་ནང་དང་བསྡུར་ན་བཙན་བྱོལ་ནང་བོད་ཡིག་ཤུགས་ཆུང་བ་ཡོད་པ་གསལ་པོ་རེད། དེ་མི་གྲངས་དང་ཁོར་ཡུག་ཚང་མར་འབྲེལ་བ་ཡོད་ཀྱི་རེད་”ཅེས་བརྗོད་སོང་།

_MG_3950བོད་རིགས་པ་ཞིབ་འཇུག་ཅེས་པའི་དུས་དེབ་བཙོང་མཁན་དར་རྒྱས་ལ་དེབ་ཉོ་ཚོང་སྐོར་བཅར་འདྲི་བྱས་པར། “མཛད་སྒོ་འདི་འདྲའི་ཐོག་དེབ་སྔོན་མ་ནས་ཐེངས་ཁ་ཤས་ལ་བཙོང་མྱོང་ཡོད། དེབ་ཉོ་མཁན་ཉུང་ཉུང་རེད། དེབ་དེར་བལྟས་ནས་མ་ཉོས་ཁྱད་པར་མི་འདུག་མོད། དེབ་བཙོང་རྒྱུ་ཡོད་ཟེར་ན་ལྟ་མཁན་ཡང་མི་འདུག དེ་དཀའ་ངལ་འདྲ་རེད་”ཅེས་བརྗོད་སོང་།

དེབ་ཉོ་མཁན་མེད་པའི་རྒྱུ་མཚན་ག་རེ་རེད་བསམ་གྱི་འདུག་ཅེས་དྲིས་པར། ཁོང་གིས། “གཙོ་བོ་བོད་ཡིག་ལ་དོ་སྣང་མེད་པས་མིན་འགྲོ། བཙན་བྱོལ་ནང་བོད་ཡིག་གི་ཆེད་དུ་བོད་ཡིག་སྦྱོང་བ་ལས། བོད་ཡིག་བེད་སྤྱོད་བཏང་ནས་ལས་ཀ་རག་རྒྱུ་དང་། བོད་ཡིག་ཐོག་འཚོ་བ་སྐྱེལ་རྒྱུ་སོགས་ཁག་པོ་རེད། མང་པོ་ཞིག་གིས་དབྱིན་ཡིག་དང་རྒྱ་ཡིག་སྦྱོང་རྒྱུར་དགའ་པོ་བྱེད་ཀྱི་འདུག  རྒྱུ་མཚན་ག་རེ་ཡིན་གསལ་པོ་བཤད་ཤེས་ཀྱི་མི་འདུག གང་ལྟར་སྔོན་མ་དང་བསྡུར་ན་ཡང་བོད་ཡིག་དེབ་ཉོ་མཁན་ཉུང་དུ་འགྲོ་ཡི་འདུག་”ཅེས་བརྗོད་སོང་།

_MG_3966དེབ་ག་རེ་ཡི་སྐོར་མང་བ་ཚོང་གི་རེད་ཅེས་དྲིས་པར། “དགོན་སྡེ་ཁག་ཡིན་ན་ནང་ཆོས་ཀྱི་སྐོར་མང་པོ་ཚོང་གི་རེད་ལ། རིག་གནས་ཀྱི་སྐོར་ཚོང་གི་རེད། སྤྱིར་བཏང་དགོན་སྡེ་ཁག་ཏུ་བོད་ཡིག་དེབ་མང་བ་ཚོང་གི་རེད། དྷ་སར་གཅིག་པ་འདྲ་རེད། ཁ་ཤས་ཀྱིས་དེབ་ཉོ་ཡི་འདུག་མོད། དེབ་ཀློག་རྒྱུའི་ཆེད་དུ་མ་ཡིན་པར། དེབ་འདོན་མཁན་ཚོར་རྒྱབ་སྐྱོར་གྱི་རྣམ་པ་འདྲ་རེད། རྒྱབ་སྐྱོར་བྱས་པ་ཡག་པོ་རེད་མོད། དེབ་ཀློག་རྒྱུའི་ཆེད་དུ་མིན་པར་ཉོས་ན་ཕན་ཐོགས་མེད་པ་འདྲ་མཐོང་གི་འདུག་”ཅེས་བརྗོད་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།