དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་དྲན་སྲུང་བརྩི།
བོད་ཟླ་༡༠ ཚེས་༢༥ ནི་རྗེ་ཙོང་ཁ་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་ཚེས་ཁྱད་པར་ཅན་འདི་ལ་བོད་མི་བྱང་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཚོས་ཉིན་འདིར་མཆོད་བུལ་སྨོན་ལམ་རྒྱ་ཆེར་ཞུ་ཡི་ཡོད་པ་རེད།
བོད་ཟླ་༡༠ ཚེས་༢༥ ནི་རྗེ་ཙོང་ཁ་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་ཚེས་ཁྱད་པར་ཅན་འདི་ལ་བོད་མི་བྱང་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཚོས་ཉིན་འདིར་མཆོད་བུལ་སྨོན་ལམ་རྒྱ་ཆེར་ཞུ་ཡི་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་སེར་འབྲས་དགའ་གསུམ་གྱིས་མཚོན་པའི་དགེ་ལྡན་པའི་གདན་ས་གྲྭ་ཚང་ཚོའི་ངོས་ནས་མཆོད་འབུལ་སྨོན་ལམ་དང་དགེ་འདུན་པར་སྐུ་འགྱེད་གཏོང་སྒོ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།
དེ་ཡང་རྗེ་ཙོང་ཁ་པ་མཆོག་ནི་བོད་རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོ་སྟེ། ཕྱི་ལོ་༡༣༥༨ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་། དབུས་གཙང་དུ་ཕེབས་ནས་རྗེ་རེ་མདའ་བ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་ཆོས་ཚུལ་མཐའ་ཡས་པར་གསན་བཞེས་རྒྱ་ཆེར་མཛད།
ཕྱི་ལོ་༡༤༠༩ ལོ་ལ་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་དབུ་འཛུགས་གནང་།
གཞན་ཡང་དགའ་ལྡན་སྒྲུབ་མཆོད་ཆེན་མོ་བཙུགས་པ་དང་རྫིང་ཕྱིའི་བྱམས་པ་ཞིག་གསོ་བྱས་པ་སོགས་ཀྱི་མཚོན་འཕྲིན་ལས་བླ་ན་མེད་ཀྱི་མཛད་འཕྲིན་བསྐྱངས་བ་ཙམ་དུ་མ་ཟད། མདོ་སྔགས་གཉིས་ཀྱི་དགོངས་འགྲེལ་ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་མང་དུ་བརྩམས་ནས་བསྟན་འགྲོ་སྤྱི་ལ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་ཡོད་པ་རེད།
མཐར་ཕྱི་ལོ་༡༤༡༩ ལོར་བོད་ས་ཕག་ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་དང་དགུང་ལོ་རེ་གསུམ་སྟེང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཡོད་པ་དང་། དུས་དེ་ནས་བཟུང་དུས་ཚིགས་འདི་ལ་རྗེ་རིན་པོ་ཆེའི་དགོངས་རྫོགས་དུས་ཆེན་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཀུན་གྱིས་སྡིག་སྤོང་དགེ་སྒྲུབ་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེར་སྤེལ་བའི་ཉི་མ་ཞིག་ལ་བརྩི་བཞིན་ཡོད་པ་རེད།
དེ་ཡང་བོད་པ་ཚོའི་ངོས་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ནི་མཁའ་འགྲོ་འདུ་བའི་དུས་ཆེན་དང་ཕག་གྲུའི་ལྔ་མཆོད་དང་དགའ་ལྡན་ལྔ་མཆོད་དུས་ཆེན་གཉིས་འཛོམས་ཀྱི་དམིགས་བསལ་དུས་ཚིགས་ཁྱད་པར་ཅན་ཞིག་ལ་བརྩི་བཞིན་ཡོད་པ་རེད་འདུག
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།