ཚིག་ལ་བརྟེན་ནས་དོན་ལ་འཇུག་པ།

འཇིག་རྟེན་གྱི་བྱ་གཞག་གང་དང་གང་ཡིན་ཡང་ཚིག་ལས་དོན་གཙོ་བོར་འཛིན་དགོས་པ་གལ་ཆེ་ཚུལ་དང། ལྷག་པར་དུ་ནང་པའི་གཞུང་ལུགས་སུ་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པ་སོགས་རྟོན་པ་བཞིའི་འཇུག་ལྡོག་མ་ནོར་བ་དགོས་ཞེས་ཡང་ཡང་གདམས་ཡོད་ལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༥ ཕྱི་ལོ་ ༢༠༡༤/༨/༢༧
འཇིག་རྟེན་གྱི་བྱ་གཞག་གང་དང་གང་ཡིན་ཡང་ཚིག་ལས་དོན་གཙོ་བོར་འཛིན་དགོས་པ་གལ་ཆེ་ཚུལ་དང། ལྷག་པར་དུ་ནང་པའི་གཞུང་ལུགས་སུ་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པ་སོགས་རྟོན་པ་བཞིའི་འཇུག་ལྡོག་མ་ནོར་བ་དགོས་ཞེས་ཡང་ཡང་གདམས་ཡོད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོས་ཚིག་གལ་ཆེ་བ་ཁག་ཅིག་སྤྱི་ཚོགས་དང་གྲོས་ཚོགས་ནང་བེད་སྤྱོད་ཐུབ་ཐབས་གཙོར་འདོན་བྱེད་མཁན་ཁག་ཅིག་ཡོད་པས། དོན་དག་རྣལ་མ་ཞིག་རྟོགས་མིན་ལ་མ་ལྟོས་པར་གྲོས་ཚོགས་ཀྱི་ར་བའི་ནང་དུའང་རྟོན་བཞིའི་འཇུག་ལྡོག་ནོར་མི་རུང་ཚུལ་བརྗོད་མཁན་ཧ་ཅང་མང་པོ་རེད། སྤྱིར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ན་ཚིག་གི་ཕྲེང་བ་སྙན་པོ་ཇི་ལྟ་བུ་ཞིག་བསྒྲིགས་ཡོད་ཀྱང། དོན་དུ་མི་གནས་པ་ཞིག་ཡིན་ན་ཚིག་ལས་དོན་གལ་ཆེ་བ་ཞིག་ཡིན་མོད། དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ་བརྟེན་དགོས་ཚུལ་གསུངས་པ་བཞིན། དོན་ལ་འཇུག་པའི་སྐབས་སུ་ཚིག་གི་ཐོག་ནས་ཀྱང་འཇུག་ལྡོག་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་ནི་བཤད་མ་དགོས་པ་རེད།

ཉེ་ཆར་<<མཁས་མང་བློ་གསལ་གླིང་གི་གནས་བརྟན་བཀའ་དྲིན་ཅན་གྱི་མཛད་རྗེས་གསལ་བའི་མེ་ལོང་>>ཞེས་འཁོད་པའི་དཔེ་དེབ་ཅིག་ཐོན་ཚུལ་གོ་བ་ཙམ་གྱིས་ཚིག་དེ་ལ་བརྟེན་ནས་སེམས་འགུལ་ཐེབས་ཐུབ་པ་ཞིག་བྱུང་སོང། སྔོན་མ་དགོན་པ་ཁ་ཤས་ནང་“རྒས་གསོ་ཁང་”ཞེས་པ་དང། “བགྲེས་གསོ་ཁང་”ཞེས་པ།“གནས་བརྟན་ཁང་”ཞེས་པ་ལྟ་བུ་མི་འདྲ་བ་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པ་དང། སྐབས་དེ་དང་དེ་དག་ཏུ་བསམ་བློ་བཏང་དུས་དགོན་པ་ཁག་གི་གྲྭ་པ་བགྲེས་སོང་ཁག་བཞུགས་སའི་གནས་ལ། གནས་བརྟན་ཁང་ཞེས་འབོད་པ་དེ་ནི་དོན་དང་མཐུན་ཞིང་དམ་པའི་ཆོས་འདུལ་བ་ལ་བྱུང་བའི་ཚིག་ཁྱད་པར་ཅན་ཞིག་ཡིན་པས་སེམས་ལ་དང་བ་འདྲེན་པ་ཞིག་ཏུ་གྱུར་ཡོད། རྒས་དང་བགྲེས་ཞེས་པ་ཞེ་ས་ཡིན་མིན་གྱི་ཁྱད་པར་ཙམ་ལས་དོན་དུ་གཅིག་པ་ཡིན་ལ། གསོ་ཞེས་པའང་དགོན་པ་དེ་གསར་འཛུགས་དང་ཡར་རྒྱས་ཆེད་རྒྱུན་རིང་འབད་བརྩོན་བྱེད་མྱོང་བའི་གྲྭ་པ་སྐུ་བགྲེས་བཀའ་དྲིན་ཅན་དག་ལ་འོས་འཚམ་གྱི་ཚིག་ཅིག་གཏན་ནས་མིན་པས། གནས་བརྟན་ཁང་ཞེས་པ་དེ་ཚིག་དོན་གཉིས་ཐད་ནས་གཟི་བརྗིད་ཅན་ཞིག་ཏུ་གྱུར་ཡོད།

ད་ལན་གནས་བརྟན་བགྲེས་སོང་དེ་དག་གི་ལོ་རྒྱུས་ཀློག་རྒྱུའི་གོ་སྐབས་མ་བྱུང་ཡང། ཐོག་མ་བོད་མི་རྣམས་བཙན་བྱོལ་དུ་གྱར་པའི་སྐབས་ཀྱི་གནས་སྟངས་སྐོར་ལ་བསམ་གཞིག་བྱས་པའི་སྐབས་དེང་དུས་མི་རབས་ཕལ་མོ་ཆེས་རང་མགོ་གང་ཐོན་བྱེད་པ་ལྟ་བུ་མ་ཡིན་པར། སྤྱི་པའི་དོན་དང་སྤྱི་པའི་སྒྲིག་འཛུགས་ལ་བསམ་བློ་བཏང་ནས་བློས་གཏོང་ཆེན་པོ་གནང་མཁན་འབའ་ཞིག་ཡིན་པར་ཚོད་དཔག་བྱེད་ཐུབ། དེ་བཞིན་གཞིས་ཆགས་ཁག་གསར་འཛུགས་ཀྱི་སྐབས་ཀྱང་དེང་དུས་དང་མི་འདྲ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང། སྐད་ཡིག་གི་ཐོག་ནས་གོ་བརྡ་འཕྲོད་དཀའ་བ་མ་ཟད། ཚ་གྲང་དང་ས་ཆུ་མི་འཕྲོད་པའི་དབང་གིས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་འབད་བརྩོན་ཆེན་པོ་གནང་ནས་གཞིས་ཆགས་ཁག་གསར་འཛུགས་བྱས་པ་ཞིག་དང། དེ་བཞིན་སློབ་གྲྭ་དང། དགོན་སྡེ་ཁག་སོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་མི་རབས་རྒན་པ་དག་གི་འབད་བརྩོན་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དེ་སྤྱི་ཚོགས་ཀྱིས་ངོས་འཛིན་གསལ་པོ་དགོས་པ་ཞིག་ཏུ་གྱུར་ཡོད།

འཛམ་བུ་གླིང་གི་གནས་སྟངས་དང། འཛམ་གླིང་གི་སྐད་ཡིག་མང་པོ་ཤེས་པ་སོགས་ཀྱི་ཐད་ནས་མི་རབས་གསར་རྙིང་གཉིས་ཀྱི་དབར་བསྡུར་ཐབས་གཏན་ནས་མེད་ནའང། ལས་དོན་ལ་ཧུར་བརྩོན་དང། ལས་དོན་སྒྲུབ་སེམས་ཀྱི་སྙིང་སྟོབས། དཀའ་སྡུག་ཐེག་པའི་བཟོད་བསྲན་བཅས་ནི་ཕྱོགས་ཡོངས་ནས་མི་རབས་གསར་པ་ལས། མི་རབས་རྙིང་པ་ཁྱད་དུ་འཕགས་པ་འདི་ཡང་དོན་དངོས་ཐོག་ཚང་མས་ཤེས་རྟོགས་ངེས་པར་དུ་དགོས་པ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་ནང་གི་གནས་བབས་ཐོག་ནས་བཤད་ན་ད་ལྟའི་གནས་སྟངས་ལེགས་པའི་ཕྱོགས་ཕལ་ཆེ་བ་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་དང། མི་རབས་གསར་པས་དེ་བརྒྱུད་འཛིན་བྱེད་ཐུབ་མིན་གྱི་ཐོག་ལ་ཐེ་ཚོམ་དང་དོགས་པ་སྐྱེས་དགོས་པའི་ཚད་དུ་སླེབས་ཡོད། དེར་བརྟེན་སྐབས་རེ་སྐད་ཡིག་རིག་གནས་གཅིག་པུ་ལ་བརྟེན་ནས་མིའི་འཇོན་ཐང་དང་རིན་ཐང་མངོན་མི་ཐུབ་ལ། དཔལ་འབྱོར་འདུ་འགོད་དང་ལས་དོན་གསར་གཏོད་ཀྱི་ཐོག་ནས་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་བལྟས་ན་ཧེ་བག་ཆེན་པོ་གང་ཡང་སྟོན་རྒྱུ་མེད།

མདོར་ན་དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ནང་ཡོད་པའི་མི་རབས་རྒན་པ་རྣམས་ཀྱི་ལོ་རྒྱུས་དང་བཀའ་དྲིན། མི་རབས་གསར་པ་རྣམས་ཀྱིས་ཤེས་རྟོགས་ཐུབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེ་ལ། དེ་ལ་བརྟེན་ནས་གནའ་བོའི་མི་རབས་ཀྱི་སྙིང་སྟོབས་དང། ད་ལྟའི་མི་རབས་ཀྱི་རིག་གནས་གཉིས་ཟུང་དུ་སྦྲེལ་ནས་སྤྱི་ཚོགས་ནང་གོམ་པ་སྤོ་ཐུབ་མཁན་གྱི་མི་རིགས་ཤིག་ཆགས་ཐུབ་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན་ཤེས་བྱ་རིག་གནས་ཀྱི་ཆུ་ཚོད་མཐོ་དམན་ཙམ་ལ་མ་ལྟོས་པར་བགྲེས་སོང་དག་ལ་“རྒན་གོག་”ཅེས་པ་ལྟ་བུའི་ཚིག་ངན་དག་སྤང་ཐུབ་པ་ཞིག་དང། གུས་བཀུར་དང་བྱམས་སྐྱོང་གི་ཐོག་ནས་སེམས་འགུལ་ཐེབས་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། སྤྱིར་བོད་ཀྱི་ཡུལ་ལུང་རེ་ཟུང་དུ་ལུགས་སྲོལ་ངན་པ་དཔེར་ན་དགོན་པ་གཅིག་ཏུ་གྲྭ་པ་མིང་གཅིག་པ་ཅན་མང་པོ་ཡོད་ན། དེ་དག་གི་མིང་མཐར་ཁ་ཆེ་དང། མགོ་ཆེ། ཞ་ར། འོན་པ་ཟེར་བ་ལྟ་བུའི་མིང་འདོགས་སྣ་ཚོགས་བྱེད་སྲོལ་ཡོད་པ་དག་ཀྱང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་དང་ཡང་མི་མཐུན་པ་ཞིག་ཏུ་མཐོང་སོང།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།