ཀུ་ཤུ་ཁ་པར་དང་བོད་ཡིག་གི་འཕེལ་རྒྱས།

བརྡ་འཕྲིན་གྱི་དུས་རབས་སུ་གྱུར་པའི་ད་ལྟའི་སྐབས་འདིར། འཛམ་གླིང་ཧྲིལ་པོ་བརྡ་འཕྲིན་གྱིས་དབང་བསྒྱུར་བྱས་ཡོད་ལ། དུས་རབས་འདིར་ཤུགས་རྐྱེན་ཆེ་ཤོས་ཀྱང་བརྡ་འཕྲིན་རིག་གནས་ཡིན་པར་ངོས་འཛིན་བྱེད་ཆོག དམག་འཁྲུག་དང་ཁྲོམ་རའི་དཀའ་ངལ་མང་པོ་ཞིག་ཀྱང་བརྡ་འཕྲིན་གྱི་ཐོག་ནས་འགོག་ཐུབ་པ་དང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༦   ཕྱི་ལོ་ ༢༠༡༤/༩/༡༠
བརྡ་འཕྲིན་གྱི་དུས་རབས་སུ་གྱུར་པའི་ད་ལྟའི་སྐབས་འདིར། འཛམ་གླིང་ཧྲིལ་པོ་བརྡ་འཕྲིན་གྱིས་དབང་བསྒྱུར་བྱས་ཡོད་ལ། དུས་རབས་འདིར་ཤུགས་རྐྱེན་ཆེ་ཤོས་ཀྱང་བརྡ་འཕྲིན་རིག་གནས་ཡིན་པར་ངོས་འཛིན་བྱེད་ཆོག དམག་འཁྲུག་དང་ཁྲོམ་རའི་དཀའ་ངལ་མང་པོ་ཞིག་ཀྱང་བརྡ་འཕྲིན་གྱི་ཐོག་ནས་འགོག་ཐུབ་པ་དང་། བརྡ་འཕྲིན་ལ་བརྟེན་ནས་དམག་འཁྲུག་སློང་བ། ཁྲོམ་རའི་ཐོག་ཟང་ཟིང་བཟོ་བ་སོགས་ཀྱང་བྱེད་ཐུབ། བརྡ་འཕྲིན་ལག་རྩལ་དེ་སྤྱི་ཚོགས་ནང་ཁྱབ་གདལ་ཆེན་པོ་བྱུང་ནས་ད་ལྟའི་ཆར་རྒན་དར་གཞོན་གསུམ་ཕལ་མོ་ཆེ་དབང་བསྒྱུར་བྱས་ཡོད། བརྡ་འཕྲིན་རིག་གནས་དར་ཁྱབ་བྱུང་བའི་རྗེས་སུ་བཟང་ཕྱོགས་སུ་བེད་སྤྱོད་བྱེད་མཁན་དང། སྡུག་ཕྱོགས་སུ་བེད་སྤྱོད་བྱེད་མཁན་རིགས་མི་འདྲ་བ་གོ་ལ་ཧྲིལ་པོའི་ཁྱོན་གྱི་མི་རིགས་ཚང་མའི་ནང་དུ་ཡོད་འདུག་ལ། དེ་མཚུངས་བཞིན་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཐུབ་ཀྱི་ཡོད་པ་རེད། དེ་དང་ཆབས་གཅིག་བོད་ཕྱི་ནང་གཉིས་སུའང་བརྡ་འཕྲིན་གྱི་ཤུགས་རྐྱེན་ཆེན་པོ་སླེབས་ཡོད།

སྤྱིར་བོད་རྒྱལ་ཁབ་དང་བོད་མི་རིགས་དེ་རང་དབང་མེད་པར་གཞན་གྱི་དབང་བསྒྱུར་འོག་གནས་སྡོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་ནའང། བོད་ཕྱི་ནང་གཉིས་སུ་བརྡ་འཕྲིན་གྱི་ནུས་པ་ཤུགས་ཆེན་པོ་སླེབས་ཐུབ་པ་དེ་ཡང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། དཔེར་ན་དྲ་རྒྱ་དར་ཁྱབ་བྱུང་ནས་ལོ་མང་པོ་འགོར་ཡང་བོད་པའི་སྤྱི་ཚོགས་ནང་ཡོངས་ཁྱབ་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་ཐུབ་མེད། ཕྱིས་སུ་ཀུ་ཤུ་རྟགས་ཅན་གྱི་ལག་འཛིན་ཁ་པར་སྤྱི་ཚོགས་ནང་ཐོན་ནས་རིམ་བཞིན་ཁ་པར་ནང་བོད་ཡིག་བེད་སྤྱོད་བྱེད་ཐུབ་པ་བྱུང་བ་དང། ད་ལྟའི་ཆར་བོད་པ་ཕལ་མོ་ཆེའི་ལག་ཏུ་ལག་འཛིན་ཁ་པར་སྤུས་ལེགས་རེ་ཁུར་བཞིན་ཡོད་ལ། བོད་ཡིག་ཀློག་ཤེས་ཙམ་ལས་མེད་མཁན་ཚོས་ཀྱང་རིམ་པས་བརྡ་འཕྲིན་ལ་དབྱིངས་ཞུགས་ནས་བོད་ཡིག་མང་པོ་འབྲི་བར་འབད་བརྩོན་བྱེད་པའི་གོམས་གཤིས་འདི་ཉིད། རྒྱུད་བསྐུལ་དང་ལམ་སྟོན་བྱེད་མཁན་སུ་གཅིག་མེད་ཀྱང་རང་བཞིན་གྱིས་དར་ཁྱབ་བྱུང་ཡོད། འཕེལ་རིམ་འདི་ནི་བོད་ཀྱི་སྐད་ཡིག་ཡར་རྒྱས་ཆེད་དུ་འགོག་ཐབས་མེད་པའི་ལམ་ཆེན་གསར་པ་ཞིག་ཏུ་གྱུར་ཟིན།

དེང་སྐབས་བོད་ཡིག་བེད་སྤྱོད་བྱེད་ཐུབ་པའི་ལག་འཛིན་ཁ་པར་རིགས་མང་པོ་ཡོད་ཀྱང། དེའི་ནང་ནས་གཟེངས་སུ་ཐོན་པའི་ཀུ་ཤུ་རྟགས་ཅན་གྱི་ལག་འཛིན་ཁ་པར་འདི་ཉིད་ལ་ཐོག་མ་ནས་བོད་ཡིག་རང་བཞིན་གྱིས་ཡོད་པ་དང། ཀུ་ཤུ་བཟོ་ཚོང་ཁང་གི་ངོས་ནས་ཉམ་ཆུང་གྲངས་མང་པོ་མེད་པའི་བོད་མི་རིགས་ཀྱི་ཡི་གེ་དེ་ལག་འཛིན་ཁ་པར་གྱི་ནང་དུ་བཅུག་པ་དེ་ནི། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུད་འཛིན་གྱི་ཐོག་ལ་ཚོགས་འདུའི་ཐོག་ནས་གྲོས་ཆོད་བཞག་པ་དང། བརྒྱུད་ལམ་ཁག་ཏུ་བོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ། ལས་འཆར་རེ་ཟུང་གི་ཐོག་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་བ་ཙམ་དང་བསྡུར་ཐབས་གཏན་ནས་མེད་པར། བོད་པའི་སྤྱི་ཚོགས་ནང་སྐད་ཡིག་རྒྱུད་འཛིན་གྱི་ཐོག་ལ་ཤུགས་རྐྱེན་བླ་ན་མེད་པ་ཞིག་དང། ལྷག་པར་དུ་བོད་པ་རྒན་དར་གཞོན་གསུམ་ཚང་མས་དེ་ལ་དོ་སྣང་དང་དགའ་ཞེན་ཆེན་པོ་སླེབས་པ་དེ་ཡང་མི་རིགས་ཤིག་གི་ཚེ་སྲོག་དང་འབྲེལ་བའི་གནད་དོན་ཐོག་ནས་ཧ་ཅང་དགའ་འོས་པ་ཞིག་ཏུ་གྱུར་ཡོད།

བརྡ་འཕྲིན་གྱི་བརྒྱུད་ལམ་ཐོག་ནས་དཀྲོག་གཏམ་བཟོ་བ་དང། དཀྲུག་ཤིང་རྒྱག་པ། མིང་ཤས་བཟོ་ཐབས་བྱེད་པ་སོགས་ངན་ཕྱོགས་ཀྱི་གནས་ཚུལ་མང་པོ་ཡོད་ཀྱང། སྤྱི་ཚོགས་མང་པོའི་ནང་དེ་ལྟ་བུའི་གནས་ཚུལ་དེ་རྒྱུན་ལྡན་དུ་གྱུར་ཡོད་པས། བོད་པ་གཅིག་པུའི་དཀའ་ངལ་ཞིག་ག་ལ་ཡིན། དེ་ཡང་རིམ་པས་དབྱེ་འབྱེད་དང་དོན་དངོས་ལ་ཕན་པ་གང་ཡིན་མིན་དེ་གནས་ཚུལ་མང་པོ་མཐོང་བའི་རྗེས་སུ་མི་ཕལ་མོ་ཆེའི་སེམས་ལ་འཁོར་ཡོང་ངེས་ཤིང། བཟང་ཕྱོགས་ནས་ཕན་ཚུན་རོགས་རམ་དང་མཐུན་འགྱུར་སོགས་ལ་བརྟེན་ནས་གཅིག་སྒྲིལ་ཡོང་བའི་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་སྨྲོས་མ་དགོས་པ་རེད། བརྡ་འཕྲིན་ལ་བརྟེན་ནས་དཀའ་ངལ་ཕྲན་ཚེགས་རིགས་ཡོད་པ་དང་བསྡུར་ན་བརྡ་འཕྲིན་གྱིས་སྤྲད་པའི་ཁེ་ཕན་གྱི་ཕྱོགས་ལྡབ་མང་པོའི་ཆེ་བ་དང། གཙོ་ཆེ་ཤོས་བོད་མི་རྒན་དར་གཞོན་གསུམ་ཕལ་མོ་ཆེ་བརྡ་འཕྲིན་གྱི་ཐོག་ལ་དོ་སྣང་སླེབས་པ་མཉམ་དུ། བོད་ཀྱི་སྐད་ཡིག་ཡར་རྒྱས་དང་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་དེའང་གཞན་དང་བསྡུར་ཐབས་མེད།

བརྡ་འཕྲིན་ལ་དབྱིངས་ཞུགས་ནས་སློབ་སྦྱོང་བྱེད་མཁན་རྣམས་ཀྱི་དུས་ཚོད་ཆུད་ཟོས་སུ་གཏོང་རྒྱུ་དེ་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད་ཀྱང། བརྡ་འཕྲིན་ལག་རྩལ་ལ་བརྟེན་ནས་སློབ་སྦྱོང་གི་རིགས་མང་པོ་ཞིག་ཀྱང་ལེན་ཐུབ། དེར་བརྟེན་གནད་དོན་འདིའི་ཐད་ནས་སློབ་གཉེར་བ་རྣམས་ལ་མཚོན་ན་མཐའ་ལ་མ་ལྷུང་པ་ཞིག་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ། གོང་དུ་བརྗོད་པ་བཞིན་བརྡ་འཕྲིན་དང་མི་རིགས་སོ་སོའི་སྐད་ཡིག་གཉིས་ཁ་བྲལ་དུ་གྱུར་སོང་ན། སྐད་ཡིག་གི་ཚེ་སྲོག་ལ་གནོད་སྐྱོན་ཆེ་བ་དང། གློག་ཀླད་ནི་རྩོམ་ཡིག་འབྲི་མཁན་སོགས་ཅུང་ཤེས་ཡོན་ཡོད་པའི་རིགས་ཙམ་ལས། མི་ཕལ་མོ་ཆེ་དང་འབྲེལ་བ་ཡོད་པ་ཞིག་ཏུ་འགྱུར་ཐུབ་མེད། ལག་འཛིན་ཁ་པར་ནི་མི་རེ་ངོ་རེ་བཞིན་དུས་རྒྱུན་མཉམ་འཁྱེར་དགོས་པའི་བཅའ་ལག་ཅིག་ཡིན་པས། འདི་གཉིས་ཀྱི་ཤུགས་རྐྱེན་ལའང་ཁྱད་པར་ཆེན་པོ་ཡོད། མདོར་ན་དེང་སྐབས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཀུ་ཤུ་ཁ་པར་གཉིས་ཁ་འབྲལ་ཐབས་མེད་པ་ལྟ་བུར་གྱུར་ཟིན་པས། ཀུ་ཤུ་བཟོ་ཚོང་ཁང་དེ་ཡང་བོད་ཀྱི་སྐད་ཡིག་རྒྱུད་འཛིན་པ་ཞིག་གི་ངོས་ནས་བཀའ་དྲིན་ཆེན་པོ་རེད་ཅེས་བརྗོད་ཆོག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།