ས་ཁང་ཉོ་ཚོང་སོགས་ཀྱི་ཐོབ་ཐང་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ཐོབ་རྒྱུ་རེད།
ཉེ་ཆར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གི་ནང་རྒྱ་གར་ཏུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཤེས་ཡོན་དང་ལས་ཞུགས། ས་ཁང་ཉོ་ཚོང་སོགས་ཀྱི་ཐོབ་ཐང་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ལྟར་ཐོབ་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ལྟར། འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་གནས་ཚུལ་དེའི་སྐོར་དང་འབྲེལ་ནས་བཅར་འདྲི་བྱས་ཡོད།
ཉེ་ཆར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གི་ནང་རྒྱ་གར་ཏུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཤེས་ཡོན་དང་ལས་ཞུགས། ས་ཁང་ཉོ་ཚོང་སོགས་ཀྱི་ཐོབ་ཐང་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ལྟར་ཐོབ་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ལྟར། འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་གནས་ཚུལ་དེའི་སྐོར་དང་འབྲེལ་ནས་བཅར་འདྲི་བྱས་ཡོད།
རྒྱ་གར་ཏུ་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་ཆེད་དུ་དམིགས་པའི་སྲིད་ཇུས་གསར་པ་དེ་ནི། ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་མཱོ་ཏི་སྲིད་གཞུང་གིས་ཐོག་མར་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་དང་། རྒྱ་གར་དབུས་གཞུང་གིས་མངའ་སྡེ་སོ་སོར་ བོད་མི་སྐྱབས་བཅོལ་བ་རྣམས་ལ་དབུས་དང་མངའ་སྡེའི་དམིགས་བསལ་གྱི་ཁེ་ཕན་ཐོབ་ཐང་ཡོད་པ་རྣམས་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡོད་པའི་ཁྲོད། གྷན་ངྡི་རྒྱལ་ཡོངས་གྲོང་གསེབ་ཀྱི་ལས་ཞུགས་ཁག་ཐེག་ཁྲིམས་ལུགས་དང་། (Mahatma Gandhi National Rural Employment Gurantee Act) མང་ཚོགས་ལ་ཁེ་ཕན་བགོ་འགྲེམས་ཀྱི་ལམ་ལུགས། (public distribution system) ཨན་རྡི་ར་ཨ་ཝ་སི་ཡོ་རྗི་ན་ཞེས་པའི་སྲིད་ཇུས། (Indira Awaas Yojana) རྫོང་སོ་སོའི་གྲོང་གསེབ་ཡར་རྒྱས་ཐེབས་རྩ་ (Distric Rural Development Agencies) སོགས་ཚུད་ཡོད་ཅིང་། རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་བཙན་བྱོལ་བོད་མི་རྣམས་ལ་འོས་བླུགས་པའི་ཐོབ་ཐང་སྤྲད་པའི་རྗེས། ད་ལྟ་རྒྱ་གར་ཏུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཤེས་ཡོན་དང་སློབ་གསོ། ལས་ཞུགས། ས་ཁང་ཉོ་ཚོང་སོགས་ཀྱི་ཐོབ་ཐང་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ལྟར་ཐོབ་རྒྱུ་འདུག་པ་མ་ཟད། བོད་པའི་ཕྲུ་གུ་རྣམས་ལ་སློབ་ཡོན་ཕྱེད་བཅག་དང་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱ་གར་གྱི་སློབ་གྲྭ་དང་མཐོ་སློབ་སོགས་སུ་ཆེད་ལས་དཔེར་ན། འཆར་འགོད་ལས་རིགས་དང་སྨན་རིགས་སོགས་སློབ་སྦྱོང་བྱེད་ཆོག་གི་ཡོད་པ་རེད།
ཕྱི་ཟླ་༡ པོའི་ཚེས་༡༥ ཉིན་རྒྱ་གར་དབྱིན་ཡིག་བརྒྱུད་ལམ་<<གསར་འགྱུར་རང་དབང་གསར་ཤོག་>> (Free Press Journal) ཞེས་པའི་དྲ་རྒྱའི་སྟེང་། རྒྱ་གར་དབུས་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཆེད་དུ་དམིགས་པའི་སྲིད་ཇུས་གསར་པ་དེའི་སྐོར་གྱི་གནས་ཚུལ་ཞིག་ཐོན་འདུག་པའི་ནང་། བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་རྒྱ་གར་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་གང་ཞིག་གི་ནང་དུའང་རང་ཉིད་ཀྱི་ཆེད་ལས་ལྟར། དགེ་རྒན་དང་སྨན་ཞབས། སྨན་པ། འཆར་འགོད། རྩིས་པ་སོགས་ལས་ཀ་བྱེད་ཆོག་གི་ཡོད་པ་མ་ཟད། ཨན་རྡི་ར་ཨ་ཝ་སི་ཡོ་རྗི་ན་ཞེས་པའི་སྲིད་ཇུས་ཀྱི་འོག་ཏུ་བོད་མིར་ཆེད་དུ་དམིགས་པའི་རྣམ་གྲངས་གསར་པ་ཁ་སྣོན་བྱས་ཏེ། སྲིད་ཇུས་ལམ་སྟོན་དེའི་འོག་ཉམ་ཐག་དབུལ་ཕོངས་ཀྱི་ཁྱིམ་ཚང་དང་བདག་མེད་ཀྱི་མི། དེ་བཞིན་ཁང་པ་ཉེན་ཁ་ཅན་སོགས་ལ་སྡོད་ཁང་མཁོ་སྤྲོད་བྱེད་ཀྱི་ཡོད་ཅིང་། ཁྲིམས་གཞི་བསྐྱར་བཅོས་དེའི་འོག་ཏུ་རྒྱ་གར་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་བོགས་མ་བཏང་བའི་གཞིས་ཆགས་ཁག་གི་ས་ཞིང་། བོད་མིའི་འཚོ་གནས་བསྐྱར་གསོའི་ཆེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངལ་སེལ་ལྷན་ཚོགས་ཀྱི་མིང་ཐོག་ནས་སློབ་གསོ་དང་རིག་གཞུང་། སྡོད་གནས། ཚོང་ལས་སོགས་ཀྱི་ཆེད་དུ་བེད་སྤྱོད་བཏང་ཆོག་གི་ཡོད་པ་རེད།
འདི་གའི་གསར་འགོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་ཆེད་དུ་བཅར་ཏེ། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ལ། གནས་ཚུལ་དེ་ན་ནིང་ཕྱི་ཟླ་༡༡ པའི་ནང་རྒྱ་གར་དབུས་གཞུང་གིས་ཐག་གཅོད་དང་གཏན་འབེབས་བྱས་ཏེ། ས་གནས་ཀྱི་མངའ་སྡེ་སོ་སོར་བཀྲམ་རྒྱུ་ཡིན་པའི་ཁྱབ་བསྒྲགས་ཤིག་བྱས་སོང་བ་དེ་ད་ལྟ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་ཡིན་མིན་སྐོར་དྲིས་སྐབས། ཁོང་གིས་“ སྤྱིར་བཏང་གནས་ཚུལ་དེ་གསར་པ་ཞིག་མ་རེད། གཙོ་བོ་ད་ལྟའི་བཀའ་ཤག་སྐབས་བཅུ་བཞི་པའི་དཔལ་ལྡན་སྲིད་སྐྱོང་གི་དགོངས་པ་གཞིར་བཟུང་། དེ་སྔ་མི་ལོ་ང་བཅུ་ང་གྲངས་རིང་མི་དང་མིའི་འབྲེལ་བ་ཡག་པོ་ཡོད་ན་ལས་ཀ་གང་ཞིག་ཡིན་ནའང་བྱེད་སྟབས་བདེ་བ་དང་། འབྲེལ་ལམ་ཡག་པོ་མེད་ན་སྐབས་རེར་དཀའ་ངལ་འཕྲད་པ་སོགས་ཡོང་གི་ཡོད། དཔེ་ཆུང་ས་ཞིག་ནས་བཞག་པ་ཡིན་ན། བོད་མི་བརྒྱ་ཆ་དྲུག་ཅུ་ཙམ་གྱི་འཚོ་གོས་བལ་གོས་ཚོང་ལས་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། ཁྲོམ་ས་གཏན་འཇགས་མ་རག་པའི་དཀའ་ངལ་ཆེན་པོ་རེད། ལོ་ལྟར་དཀའ་ངལ་འཕྲད་ཡོང་སྐབས་ཁོང་ཚོས་ཀྱང་འདིར་སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་གཞུང་ཞིག་ཡོད་པའི་ཡིད་ཆེས་བློ་འགེལ་ཐོག ང་ཚོར་ཡར་ཞུ་བྱས་ཏེ་ང་ཚོ་ནང་སྲིད་ལས་ཁུངས་ནས་ཁ་ཐུག་ངོས་སྦྱོར་རེ་སྤྲོད་ཀྱི་ཡོད་སྟབས། རྒྱ་གར་གཞུང་ནས་ཀྱང་ཁོང་ཚོའི་གཞུང་གིས་གནང་བའི་ཡིག་ཆ་རེད་ཅེས་ཆ་འཇོག་བྱས་ཏེ་ཁ་ཐུག་གི་དཀའ་ངལ་སེལ་འགྲོ་ཡི་ཡོད་པ་དེ། གཙོ་བོ་སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེ་ལྟར་ནའང་ད་བར་རྒྱ་གར་གཞུང་ནས་བོད་མི་ཚོར་དམིགས་བསལ་གྱི་ཐོབ་ཐང་ཡོད་པའི་ཡིག་ཆ་གང་ཡང་བཏན་འབེབས་བྱས་པ་ཧ་ལམ་རྩར་ནས་བྱུང་མི་འདུག ནང་སྲིད་ལས་ཁུངས་ངོས་ནས་ཕུགས་རྒྱང་རིང་པོའི་བཙན་བྱོལ་གྱི་དཀའ་ངལ་དེ་དག་སེལ་སླད། ནང་སྲིད་བཀའ་བློན་གཙོས་པའི་དྲུང་ཆེ་དང་དྲུང་འཕར། ལས་བྱེད་ཚང་མས་ཉིན་རྒྱུག་མཚན་རྒྱུག་གི་དཀའ་ལས་བརྒྱབ་པའི་འབྲས་བུར། མཐའ་མ་དེར་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་གནད་ཡོད་རྣམས་ཀྱིས་བོད་པའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱེད་པའི་དུས་སྐབས་ཡག་པོ་ཞིག་ལ། ང་ཚོའི་ལས་གཞི་དེ་འཛོམས་པ་སྐབས་ཁེལ་ནས་རྒྱ་གར་གཞུང་གི་ངོས་ནས་བོད་མིའི་དཀའ་ངལ་དེ་དག་སེལ་སླད་སྲིད་ཇུས་ཤིག་གཏན་འབེབས་བྱས་ན་མ་གཏོགས་འགྲིག་གི་མི་འདུག་ཅེས་པའི་དགོངས་ཚུལ་བྱུང་བ་བཞིན། ནང་སྲིད་བཀའ་བློན་དབུ་བཞུགས་ཐོག་སྤྱིར་བཙན་བྱོལ་ནང་གི་དཀའ་ངལ་མང་པོ་ཡོད་ཀྱང་དཀའ་ངལ་ཆེ་ཁག་ག་རེ་ཡོད་མེད་ཞིབ་འཇུག་བྱས་ཏེ། དཀའ་ངལ་ཆེ་ཁག་དོན་ཚན་བཅོ་ལྔ་ཙམ་རྒྱ་གར་དབུས་གཞུང་ལ་ཕུལ་བ་དང་། རྒྱ་གར་གཞུང་ནས་ཀྱང་དོན་ཚན་བཅོ་ལྔ་དེ་དག་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི། ལམ་ལུགས་སོགས་དང་མཐུན་མིན་ཞིབ་བསྡུར་བྱས་ཏེ་རགས་ཟིན་ཞིག་བཟོས་པ་དང་། རགས་ཟིན་དེ་བོད་པ་ཡོད་སའི་རྒྱ་གར་གྱི་མངའ་སྡེ་ཡོངས་རྫོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མིང་ཐོག་ལ་འདྲ་བཤུས་བཏང་སྟེ། མངའ་སྡེ་སོ་སོའི་ནང་དུ་ལག་བསྟར་བྱེད་པར་དཀའ་ངལ་ག་རེ་ཡོད་མེད་སྐོར་བསམ་འཆར་བསྡུ་ལེན་བྱེད་སྐབས། མངའ་སྡེ་མང་ཆེ་བས་ལན་དཔེ་མི་སྲིད་ཡག་པོ་སྤྲད་འདུག་ཀྱང་། མངའ་སྡེ་ཁ་ཤས་ནང་དུ་དམིགས་བསལ་དོ་སྣང་མེད་པའི་བཟོ་ལྟར་ལན་འདེབས་མ་བྱས་པ་དེ་འདྲ་ཡང་བྱུང་འདུག དབུས་གཞུང་ལ་མངའ་སྡེ་སོ་སོའི་བསམ་ཚུལ་དེ་འབྱོར་པའི་རྗེས་བསྐྱར་དུ་སྲིད་ཇུས་གཏན་འབེབས་ཤིག་བྱས་ཏེ། དབུས་གཞུང་གི་བློན་ཆེན་ལས་ཁུངས་ཁག་གི་ནང་དུ་སྔ་རྗེས་སུ་བཀའ་བསྡུར་ཐེངས་གཉིས་གསུམ་ཙམ་གནང་པའི་མཐའ་མར། ཕྱི་ལོ་༢༠༡༤ ཟླ་༡༠ པའི་ཚེས་༢༠ ཐམ་པའི་ཉིན་རྒྱ་གར་གཞུང་གིས་སྲིད་ཇུས་དེ་གཏན་ཁེལ་པ་ཡིན་ཞེས་ལན་འབྱོར་སྐབས། ནང་སྲིད་བཀའ་བློན་དང་ངེད་གཉིས་རྒྱ་གར་དབུས་ནང་སྲིད་ལས་ཁུངས་སུ་བཅར་ཏེ་སྲིད་ཇུས་དེ་ཐོག་མར་གསོལ་རས་གནང་པ་དང་། གསོལ་རས་གནང་པའི་ཉིན་མོ་དེ་རང་ལ་ལྡི་ལི་ཁུལ་དུ་ཡོད་པའི་གསར་འགོད་པ་ཚང་མ་བསྐོངས་ཏེ། ང་ཚོའི་དོན་གཅོད་ལས་ཁུངས་སུ་སྲིད་ཇུས་དེ་གཏན་ཁེལ་པའི་གསལ་བསྒྲགས་ཤིག་བྱས་ཡོད་རེད།”
ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་མུ་མཐུད་དུ་གསུངས་དོན། “སྲིད་ཇུས་དེའི་ནང་དུ་དམིགས་བསལ་ཐོབ་ཐང་ག་རེ་ཡོད་རེད་ཅེ་ན། གཙོ་བོ་རྒྱ་གར་གྱི་མངའ་སྡེ་ཧ་ལམ་བཅུ་བཅུ་གཅིག་ཙམ་གྱི་ནང་དུ་བོད་པ་གཞིས་ཆགས་ནས་སྡོད་ཡོད་པ་དང་། མང་ཉུང་ཙམ་མ་གཏོགས་བོད་པ་མེད་སའི་མངའ་སྡེ་ཞིག་རྒྱ་གར་ནང་ཧ་ལམ་མེད་ཅེས་བཤད་ཆོག མངའ་སྡེ་སོ་སོའི་ནང་བོད་པའི་ཐོག་ལ་ལྟ་སྟངས་ཡག་ཉེས་འདྲ་མིན་སྣ་ཚོགས་ཡོད། མངའ་སྡེ་ཁ་ཤས་ཀྱི་ནང་དུ་བོད་པའི་ཐོག་ལ་གཟིགས་ཚུལ་ཧ་ཅང་ཡག་པོ་ཡོད་པ་དཔེར་ན། ཀ་ན་ཀྲར་ཀ་མངའ་སྡེ་ལྟ་བུ་ཞིག་ལ་ཆ་མཚོན་ན། སེ་འབྲས་དགའ་གསུམ་གཙོས་པའི་གདན་ས་ཁག་ཚང་མ་དང་། རྒྱ་གར་ནང་དུ་ཡོད་པའི་བོད་མིའི་བརྒྱ་ཆ་༤༠% ཙམ་ལྷོ་ཕྱོགས་སུ་ཡོད་ཀྱང་། མངའ་སྡེའི་གཞུང་ནས་བོད་པའི་ཐོག་ལ་དམིགས་བསལ་གྱིས་ལྟ་སྐྱོང་ཡག་པོ་གནང་བཞིན་པ་མ་ཟད། ༧སྐྱབས་མགོན་རིན་པོ་ཆེ་ལྷོ་ཕྱོགས་སུ་ཆིབས་སྒྱུར་བསྐྱངས་ཐེངས་རེར་ཕེབས་ལམ་སོགས་ལ་འབུམ་བརྒྱ་ཕྲག་མང་པོ་བཏང་སྟེ། དགའ་བསུ་དང་གུས་བརྩིའི་རྣམ་པ་ཧ་ཅང་ཤུགས་ཆེན་པོ་བྱེད་བཞིན་ཡོད། ཡང་མངའ་སྡེ་ཁ་ཤས་ཀྱི་ནང་དུ་བོད་པའི་ཐོག་ལ་དོ་སྣང་རྩར་ནས་མ་བྱས་པར། བོད་པ་རྣམས་ཕྱི་རྒྱལ་མི་རིགས་དང་སྐྱབས་བཅོལ་བའི་གྲས་སུ་བཞག་སྟེ་ཐོབ་ཐང་དེ་དག་རག་གི་མ་རེད་ཅེས་བརྗོད་མཁན་ཡང་རེ་ཟུང་ཡོང་གི་འདུག ང་ཚོས་རྒྱ་གར་གཞུང་ལ་ཡར་ཞུ་བྱེད་སྐབས་བོད་པ་གང་དུ་ཡོད་ཀྱང་མང་ཉུང་གང་འདྲ་ཞིག་ཡིན་ནའང་། དེ་དག་ལ་གཅིག་གྱུར་གྱི་ཐོབ་ཐང་འདྲ་མཉམ་ཞིག་དགོས་ཀྱི་འདུག་ཅེས་ཞུ་ཡི་ཡོད། དེའི་ནང་ནས་གནད་འགག་ཆེ་ཤོས་ཤིག་ནི་བོད་མི་མང་ཤོས་ལ་རྒྱ་གར་གཞུང་གིས་ས་ཆ་སྤྲད་དེ་གཞིས་ཆགས་ནས་བསྡད་ཡོད་པ་བཞིན། གཞིས་ཆགས་སའི་ས་ཆ་དེ་གཏན་འཇགས་ཤིག་དགོས་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་ཀྱང་གཞིས་ཆགས་དེ་འཚོ་གནས་ཐུབ་པ་ཞིག་དགོས་ཀྱི་འདུག་ཅེས་བཀའ་ཕེབས་ཀྱི་ཡོད་པ་ལྟར། འཚོ་གནས་ཐུབ་པར་ས་ཆ་དེ་བརྟན་པོ་ཞིག་བཟོ་མ་ཐུབ་པ་ཡིན་ན། དེང་སང་དེ་སྔ་དང་མི་འདྲ་བར་གཞིས་ཆགས་ཁག་ཏུ་ས་ཞིང་འདེབས་ལས་རྐྱང་པ་བྱས་ཏེ་སྡོད་མཁན་ཧ་ཅང་དཀོན་པོ་ཆགས་ཡོང་གི་ཡོད་ལ། ཕྱོགས་གཅིག་ནས་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་འོག་དབུ་མའི་ལམ་གྱི་ཐོག་ནས་བོད་དུ་ཕར་ལོག་ཐུབ་པའི་རེ་བ་ཞིག་རྒྱག་སྡོད་ཡོད་ཀྱང་། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ད་ལྟ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་པའི་དཔོན་པོ་རྣམས་ཀྱིས་བོད་པའི་ཐོག་ལ་ག་རེ་བྱེད་ཡོང་བསམ་པའི་ཐེ་ཚོམ་སྐྱེ་གཞིའི་གནས་ཚུལ་ཞིག་ཀྱང་ཡོང་གི་འདུག་པ་མ་ཟད། སྤྱི་ཡོངས་ནས་རྒྱལ་སྤྱིའི་གནས་སྟངས་སྒང་ལ་བལྟས་ནའང་ག་རེ་བྱེད་ཡོང་བསམ་པའི་གནས་ཚུལ་ཞིག་རང་བཞིན་གྱིས་སླེབས་སྡོད་ཡོད་རེད། དེ་འདྲ་སོང་ཙང་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱས་ཏེ་མ་འོངས་པར་བསྐྱར་དུ་རྒྱ་གར་ནང་ལོ་ང་བཅུ་ང་གྲངས་ལྷག་པ་ཡིན་ན་ག་རེ་བྱེད་དགོས་ཀྱི་འདུག ད་ལྟའི་བར་ང་ཚོ་མི་ལོ་ང་བཅུ་ལྷག་རྒྱ་གར་ཏུ་བསྡད་ཚར་པ་རེད། འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞིགས་ན། ང་ཚོ་རྒྱ་གར་ཏུ་སྐྱབས་བཅོལ་ལ་བསྡད་པའི་ཐོག་མའིི་སྐབས་གཞུང་གི་འགོ་ཁྲིད་ལས་བྱེད་མང་ཤོས་ཀྱི་སེམས་སུ་ལོ་གཅིག་དང་གཉིས་ལ་བོད་དུ་ཕར་ལོག་ཐུབ་པའི་རེ་བ་རྐྱང་རྐྱང་བརྒྱབ་སྟེ། དུས་ཚོད་རིང་པོ་ཞིག་ལ་སྡོད་རྒྱུའི་བསམ་བློ་དང་འཆཪ་གཞི་སླེབས་ཐུབ་མེད་པ་བཞིན། གལ་སྲིད་ང་ཚོ་ཐོག་མར་རྒྱ་གར་དུ་འབྱོར་དུས་ནས་ལོ་མང་པོ་ཞིག་ལ་ལྷག་རྒྱུའི་བསམ་བློ་དང་འཆར་གཞི་སྒྲིག་ཐུབ་ཡོད་ན། ད་ལྟ་ང་ཚོའི་གནས་སྟངས་ཀྱང་མ་འདྲ་བ་ཞིག་ཆགས་ཡོད་རྒྱུ་རེད་ངས་དྲན་གྱི་ཡོད། དེ་བཞིན་ལོ་ལྔ་བཅུ་ང་གྲངས་རྒྱ་གར་ནང་དུ་བསྐྱལ་ཟིན་པའི་འདས་པའི་ཉམས་མྱོང་ལ་གཞིགས་ཏེ། མ་འོངས་པར་བསྐྱར་དུ་ལོ་ལྔ་བཅུ་ཙམ་རྒྱ་གར་ནང་སྡོད་དགོས་ཆགས་པ་ཡིན་ན། ད་ལྟ་རང་ནས་ལོ་ལྔ་བཅུ་སྡོད་རྒྱུའི་འཆར་གཞི་ཞིག་སྒྲིག་མ་ཐུབ་པ་ཡིན་ན། འབྱུང་འགྱུར་གྱི་མི་རབས་རྗེས་མ་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་རེད། འཆར་གཞི་དེ་འདྲ་ཞིག་བཟོ་བར་ཐོག་མར་རྒྱ་གར་གཞུང་ནས་ང་ཚོར་སྤྲོད་པའི་ས་ཞིང་སྤུས་དག་པོ་ཞིག་དང་། དེ་སྔ་རྒྱ་གར་གཞུང་གིས་གཞིས་ཆགས་ཁག་ལ་སྤྲད་པའི་ས་ཞིང་དེ་དག་སོ་ནམ་འདེབས་ལས་དང་སྡོད་ཁང་། ཚལ་ཞིང་། འགྲོ་ལམ་སོགས་ཁག་སོ་སོར་བགོས་ཏེ་ཞིང་ཁ་ཡིན་ན་སོ་ནམ་འདེབས་ལས་ཁོ་ནའི་ཆེད་དུ་མ་གཏོགས་བེད་སྤྱོད་མི་ཆོག་པའི་ཁྲིམས་བཟོས་ཡོད་རེད། ད་ལྟ་གཞིས་ཆགས་ཁག་ཏུ་ཞིང་ཁ་འདེབས་མཁན་མེད་པར་ས་མང་པོ་ཞིག་ལྷག་ཡོང་གི་ཡོད་པ་མ་ཟད། རྒྱ་གར་ནང་དུ་བོད་པ་མ་ཡིན་པའི་པ་ཀི་སི་ཐན། འབར་མ། ཤྲི་ལང་གྷ། ཏ་མིལ། ཨ་ཧྥི་གྷན་སི་ཐན་སོགས་སྐྱབས་བཅོལ་བ་ཧ་ཅང་ཤུགས་ཆེན་པོ་སླེབས་བཞིན་ཡོད་ཀྱང་། དེ་ཚོར་བོད་པ་ནང་བཞིན་ས་དང་ཁང་པ་རག་སྟེ་གཞིས་ཆགས་པ་ཞེ་དྲག་ཉུང་ཉུང་རེད། དེ་འདྲ་ཡིན་དུས་ཁོང་ཚོས་ཀྱང་བོད་པས་ཞིང་ཁ་བེད་སྤྱོད་གཏོང་གི་མེད་པ་མཐོང་བ་དེ་འདྲའི་གནས་སྟངས་འོག རྒྱ་གར་ཡུལ་མི་དང་བོད་པའི་བར་རྙོག་གྲ་དཔེར་ན། ན་ནིང་ལོར་ཨུ་རུ་སར་གནས་ཚུལ་ལྷག་པ་ནང་བཞིན། སའི་གནས་བབ་དེ་གཏན་པོ་ཞིག་ཆགས་དགོས་པ་དང་། གཏན་པོ་ཆགས་པ་ཡིན་ན་རྙོག་གྲ་དེའི་རིགས་ཡོང་མི་སྲིད་པ་ཞིག་ཡིན་སྟབས། ས་ཆའི་གནས་བབ་གཏན་འཇགས་ཀྱི་ལས་གཞི་ཞིག་འགྲོ་བཞིན་པ་དང་སྲིད་ཇུས་ཀྱི་ནང་དུ་གཏན་ཁེལ་ཚཪ་པ་རེད། དེའི་ནང་ཡག་ཤོས་ཤིག་ག་རེ་འཁོད་ཡོད་རེད་ལབ་ན། ས་ཆའི་བདག་པོ་མངའ་སྡེ་གཞུང་རེད། མངའ་སྡེ་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ངལ་སེལ་ཚོགས་པ་(Centre Tibetan Relief Committee) ཞེས་ཁྲིམས་ཐོག་དེབ་སྐྱེལ་ཡོད་པ་དེའི་མིང་ཐོག་ལ་སྤྲད་དེ། ཚོགས་པས་དེས་དོ་བདག་མི་མང་སོ་སོར་གོ་སྒྲིག་བྱས་པའི་རྣམ་པ་དེ་ལྟ་བུ་རེད། གཉིས་པ་དེ་སྔོན་མ་ཡིན་ན་ས་ཞིང་སོ་ནམ་འདེབས་ལས་ཁོ་ནའི་ཆེད་མ་གཏོགས་བེད་སྤྱོད་གཏོང་ཆོག་མེད་པ་དང་། ད་ལྟ་དེ་མ་ཡིན་པའི་འཛུགས་སྐྲུན་ལས་གཞི་སོགས་བྱེད་ཆོག་པའི་བཀའ་ཁྲོལ་ཆ་ཚང་ཐོབ་ཡོད་རེད། དབུས་ངལ་སེལ་ཚོགས་པས་བོད་མིའི་ཆེད་དུ་ས་ཆ་སྤྲད་པ་དེ་མ་འོངས་པར་ལས་གཞི་འཛུགས་སྐྲུན་ག་རེ་བྱེད་དགོས་ཀྱང་དབུས་ངལ་སེལ་ཚོགས་པའི་བཀའ་ཁྲོལ་དང་བསྟུན་ནས་ལག་བསྟར་བྱེད་དགོས་ཞེས་འཁོད་ཡོད་སྟབས། ང་ཚོར་ཁྲིམས་ཀྱི་ཐོག་ལ་དབང་ཆ་ཆེན་པོ་སླེབས་ཚར་པ་དང་། དེ་ཚོའི་རིགས་འགྱུར་བ་ཧ་ཅང་ཆེན་པོ་རེད། དེ་ལྟར་བྱུང་བའང་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་ཡང་སྒོས་བཀའ་ཤག་སྐབས་བཅུ་བཞིའི་སྲིད་ཇུས་ཤིག་ཆགས་ཀྱི་ཡོད་པ་དང་། དེ་དང་འབྲེལ་ཡོད་དངོས་སུ་ལས་ཀ་བྱེད་མཁན་དེ་ང་ཚོ་ནང་སྲིད་ལས་ཁུངས་ལ་ཡོད་པ་ཡིན་དུས། ང་ཚོས་འབད་བརྩོན་བྱས་ཏེ་བར་ལམ་འགྱུར་བ་དེ་འདྲ་ཞིག་གཏན་ཁེལ་བསྡད་ཡོད་རེད།”
དེ་བཞིན་ནང་སྲིད་དྲུང་ཆེ་ལགས་ཀྱིས་བོད་པའི་སློབ་ཕྲུག་རྣམས་མཐོ་སློབ་ཁག་ནས་ཆེད་ལས་ཀྱི་སློབ་སྦྱོང་ཐོན་རྗེས་ལས་ཀ་མི་རག་པའི་དཀའ་ངལ་ལ་འགྱུར་ལྡོག་འགྲོ་རྒྱུ་ཡིན་པའི་སྐོར་གསུངས་དོན། “བོད་པའི་སློབ་ཕྲུག་གི་ནང་དུ་འབུམ་རམས་པ་དང་འཆར་འགོད་པ་སོགས་ཆེད་ལས་མི་སྣ་ཐོན་མཁན་མང་པོ་བྱུང་ཡོད་རེད་ལ། ད་ལྟའང་འབྱུང་བཞིན་པ་རེད། མ་འོངས་པར་ཡང་ཐོན་རྒྱུར་རེ་བའང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རང་ཉིད་ཀྱི་ཆེད་ལས་ལྟར་ལས་ཀ་མི་རག་པའི་དཀའ་ངལ་ཞིག་འཕྲད་བཞིན་པ་དཔེར་ན། སྨན་ཞབས་པ་ལྟ་བུ་ཞིག་ལ་ཆ་བཞག་ན། རྒྱ་གར་གྱི་ནང་དུ་བོད་པའི་ཕྲུག་གུ་སྨན་སྐོར་སློབ་སྦྱོང་བྱེད་མཁན་ཤིན་ཏུ་མང་པོ་ཡོད་ཀྱང་། བར་ལམ་ལོ་གཅིག་ཙམ་གྱི་གོང་དུ་སྨན་ཞབས་ཀྱི་ལས་ཀའི་སྐོར་ལ་རྙོག་གྲ་མང་པོ་བྱུང་སོང་། ད་ལྟ་སྲིད་ཇུས་གསར་པ་དེའི་འོག་ཏུ་དཀའ་ངལ་དེ་ཚོའི་རིགས་ཚང་མ་ཚུད་ཡོད་པ་དང་། བོད་པའི་མི་ཞིག་ཡིན་ནས་བཟུང་སྟེ་ཤེས་ཡོན་གྱི་ཆ་རྐྱེན་ཚང་བ་ཞིག་ཡོད་ན། རྒྱ་གར་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀའི་སྡེ་ཚན་གང་འདྲ་ཞིག་ནང་དུའང་ལས་ཀ་བྱེད་ཆོག་ཅེས་གསལ་པོ་འཁོད་ཡོད་པས། མ་འོངས་པར་ཆེད་ལས་ཐོན་མཁན་ཚོས་རྒྱ་གར་གཞུང་གི་ཁྲིམས་ཡིག་གཞིར་བཟུང་རང་ཉིད་ཀྱི་ལས་ཀ་བྱེད་འདོད་ཡོད་སའི་འབྲེལ་ཡོད་ལས་ཁུངས་དང་། སྡེ་ཚན་ཁག་ཏུ་ཕྱིན་ཏེ་ལས་ཀ་བཙལ་པ་ཡིན་ན་ཁྲིམས་ཀྱིས་ཐོག་ནས་བཀའ་ཁྲོལ་ཐོབ་ཡོད་རེད།”
དྲུང་ཆེས་དགོན་པ་གྲྭ་ཚང་ཁག་གི་གནས་སྟངས་དང་འབྲེལ་ནས་བོད་མི་ཡོངས་རྫོགས་ལ་ཟ་འབྲུའི་ཐོབ་ཐང་ལག་ཁྱེར་རག་རྒྱུ་ཡིན་པའི་སྐོར་གསུངས་དོན། “རྒྱ་གར་གཞུང་གིས་ཟ་འབྲུའི་ལག་འཁྱེར་(Ration Card) ཐོག་ནས་ཟ་འབྲུའི་རིགས་གོང་ཁེ་པོའི་ཐོག་རག་པའི་བརྒྱུད་ལམ་ཞིག་ཡོད་པ་ལྟར། ཟ་འབྲུ་ལག་ཁྱེར་དེ་མངའ་སྡེ་ཁ་ཤས་ནང་གི་བོད་པར་རག་པ་དང་། ཡང་ཁ་ཤས་ནང་རྩར་ནས་མ་རག་པའི་གནས་སྟངས་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་པ་དེ་དག་གཅིག་གྱུར་ཞིག་དགོས་ཀྱི་འདུག བོད་མི་ཚང་མར་གཅིག་མཚུངས་ལྟར་ཟ་འབྲུ་ལག་ཁྱེར་སྤྲོད་དགོས་ཀྱི་འདུག་ཅེས་ཞུས་པ་རེད། དགོན་སྡེ་གྲྭ་ཚང་ལྟ་བུ་ཞིག་ལ་མཚོན་པ་ཡིན་ན་དགེ་འདུན་བརྒྱ་ཕྲག་སྟོང་ཕྲག་མང་པོ་མཉམ་དུ་ཡོད་པ་ཡིན་དུས། ནང་མི་གཅིག་གི་ཁྱིམ་ཚང་ནང་བཞིན་ཁྲིམས་ཐོག་ལ་ཏག་ཏག་སྡོད་ཀྱི་མེད་པས། དགོན་སྡེ་གཅིག་གི་ནང་དུ་གྲྭ་པ་སྟོང་གཅིག་ཡོད་ན། གྲྭ་པ་བཅུ་རེའི་བཅུ་ཤོག་བཟོས་ཏེ་མི་བཅུ་ཐམ་པ་དེ་ནང་མི་གཅིག་ཡིན་པའི་རྣམ་པའི་མིང་ཐོག་ནས་ཟ་འབྲུ་ལག་ཁྱེར་ལེན་ཐབས་ཡན་ཆད་ང་ཚོས་རྒྱ་གར་གཞུང་ལ་ཞུས་ཡོད་རེད་ལ། དགོན་སྡེ་གྲྭ་ཚང་ཡར་རྒྱས་གཏོང་ཕྱོགས་འཛུགས་སྐྲུན་ལས་གཞི་གང་འདྲ་ཞིག་ཡིན་ནའང་། རྒྱ་གར་གཞུང་གི་རིག་གནས་བློན་ཆེན་དང་མཇལ་འཕྲད་ཞུས་ཏེ་ཁ་ཐུག་ཞུས་པ་ཡིན་ན་གང་ལ་གང་འཚམས་ཡོང་རྒྱུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་བཞིན་ལ་དྭགས་དང་ཀ་ལིམ་སྦུག རྡོ་རྗེ་གླིང་ས་ཆ་སོགས་ལ་ཆ་མཚོན་ན། ས་ཁུལ་དེ་དག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཚོང་ལས་བྱེད་པར་ལག་ཁྱེར་དགོས་པ་དང་། དངུལ་ཁང་ནས་བུན་གཡར་རོགས་མ་བྱས་པའི་དཀའ་ངལ་ཡོད་པ་བཞིན། དེ་ཚོའི་རིགས་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ལྟར་མཐུན་རྐྱེན་སྤྲོད་དགོས་སྐོར་སོགས་ཡོད་རེད། དཔེར་ན། ཉམ་ཐག་དབུལ་ཕོོངས་ལ་ཆེད་དུ་དམིགས་པའི་ཨན་རྡི་ར་ཨ་ཝ་སི་ཡོ་རྗི་ན་ཞེས་པ་དེ་དང་། རྫོང་སོ་སོའི་གྲོང་གསེབ་ཡར་རྒྱས་ཐེབས་རྩ་ཚོགས་པ་ (District Rural Development Agencies) དེ་ཚོའི་འོག་གི་ལས་གཞི་དབུས་དང་མངའ་སྡེ་གང་དུ་ཡོད་ཀྱང་། རྒྱ་གར་ཡུལ་མི་དང་གཅིག་མཚུངས་ལྟར་བོད་པ་རྣམས་ལའང་སྤྲོད་དགོས་སྐོར་འཁོད་ཡོད་རེད། དཔེར་ན། སཱིམ་ལ་ལྟ་བུར་ཆ་བཞག་ན། དེར་བོད་པའི་ཁྱིམ་ཚང་ཉིས་བརྒྱ་བཅོ་ལྔ་དེ་འདྲ་ཞིག་སྔོན་མ་ནས་ཁང་པ་ཐབས་ཆག་རེ་བརྒྱབ་ནས་སྡོད་ཡོད་པ་དང་། བར་ལམ་ནས་ཁང་པ་སྤོས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དེ་དག་གི་ཐོག་ལ། ང་ཚོས་སྐད་ཆ་བཤད་ནས་ཨན་རྡི་ར་ཨ་ཝ་སི་ཡོ་རྗི་ན་ཞེས་པའི་ལས་འཆར་དེའི་འོག་ཏུ་ཁྱིམ་ཚང་༢༡༥ ཚུད་དེ། ཕལ་ཆེར་ཧིན་སྒོར་འབུམ་བརྒྱད་བརྒྱ་དགུ་བརྒྱ་ཞིག་གི་ལས་འཆར་རག་ཡོད་པ་དང་། ལས་འཆར་དེ་ཉམ་ཐག་དབུལ་ཕོངས་ཀྱི་ཁོངས་ཡོད་དུས་ཁང་པའི་ཚད་གཞི་རྒྱས་སྤྲོས་ཆེན་པོ་དེ་འདྲ་ཡོང་ཐབས་མེད་ཀྱང་། མི་མང་གི་འཚོ་རྟེན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་ཤེས་ཡོན་དང་འབྲེལ་བ་ཡོད་པ། དེ་བཞིན་འཕྲོད་བསྟེན་དང་འབྲེལ་བ་ཡོད་པ། ཆོས་རིག་གོམས་གཤིས་དང་འབྲེལ་བ་ཡོད་པ། སྤྱི་ཚོགས་དང་ཁོར་ཡུག་ལ་འབྲེལ་བ་ཡོད་པ་སོགས་ཚང་མ་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཏེ། བོད་པ་གཞིས་ཆགས་ཡོད་སའི་རྒྱ་གར་གྱི་མངའ་སྡེ་༡༢ ནང་གི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མིང་ཐོག་ལ་བཏང་ཡོད་པ་མ་ཟད། དེ་བཞིན་ཡི་གེའི་དེའི་ངོ་བཤུས་དེ་ལས་གཞི་དེ་དང་འབྲེལ་ཡོད་ཀྱི་དབུས་བློན་ཆེན་ལས་ཁུངས་ཁག་ཚང་མ་གཙོས་པའི་ལྡི་ལི་དོན་གཅོད་དང་། དབུས་ངལ་སེལ་ལྷན་ཚོགས་སོགས་ལ་བཏང་ཡོད་རེད། སྲིད་ཇུས་དེ་ཐོག་མར་ལོ་སྔོན་མའི་ཕྱི་ཟླ་༡༠ པའི་ཚེས་༢༠ ང་ཚོ་ནང་སྲིད་ལས་ཁུངས་ལ་བརྡ་ལན་འབྱོར་ཏེ། ནང་སྲིད་བཀའ་བློན་དང་དྲུང་ཆེ་གཉིས་ལྡི་ལི་དབུས་ནང་སྲིད་ལས་ཁུངས་སུ་བཅར་ཏེ་གསོལ་རས་གནང་བ་དང་། དེའི་རྗེས་ཀྱི་ཕྱི་ཟླ་༡༡ པའི་ཚེས་༧ ཉིན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨ་ནིལ་གྷོ་སི་ཝ་མཱི་(Anil Goswami) གཙོས་པའི་ཕྱི་སྲིད་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་གཉིས། རྒྱ་གར་བདེ་སྲུང་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་གཉིས། ལ་དྭགས་ཁུལ་བོད་ཀྱི་ས་མཚམས་སུ་ཡོད་པའི་དམག་སྒར་གྱི་དམག་དཔོན་གཅིག བཟོ་གྲྭ་ཁག་གཉིས་དང་གློག་ཁང་གི་སྐུ་ཚབ་སོགས་མཉམ་ཞུགས་ཐོག་ལྡི་ལི་དབུས་ནང་སྲིད་ལས་ཁུངས་སུ་ཚོགས་འདུ་འཚོགས་ཏེ། ལ་དྭགས་ཁུལ་གྱི་བོད་མིའི་དཀའ་ངལ་སོགས་ཀྱི་ཐོག་ལ་གོ་བསྡུར་གནང་བ་དང་། དེ་འཚོགས་པའི་རྗེས་ཀྱི་ཕྱི་ཟླ་༡༡ ཚེས་བཅུ་གྲངས་ཤིག་ལ་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་དབུ་བཞུགས་ཐོག ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས། བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་ཚང་མ་འཛོམས་ཏེ་ཆེ་བསྟོད་ཆེན་པོའི་ངང་ང་ཚོའི་ས་གནས་འགོ་འཛིན་ཁག་ཚང་མ། དགོན་སྡེ་གྲྭ་ཚང་དང་དོ་སྣང་ཡོད་པའི་ཚོགས་པ་དེབ་སྐྱེལ་ཡོད་པ་ཁག དེ་བཞིན་བོད་པ་ཡོད་སའི་མངའ་སྡེ་༡༡ ནང་གི་འབྲེལ་ཡོད་ལས་ཁུངས་ཁག་གི་སྐུ་ཚབ་མཉམ་དུ་འཛོམས་པ་དང་། སྐབས་དེར་ལ་དྭགས་སུ་ཡོད་པའི་དབུས་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ལ་དྭགས་ནས་ཆེད་ཕེབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། བོད་མིའི་ཐོག་ལ་ཆེད་དུ་དམིགས་པའི་སྲིད་ཇུས་གསར་པ་དེ་མ་འོངས་ལག་བསྟར་བྱེད་ཕྱོགས་སྐོར་འབྲེལ་ཡོད་རྒྱ་གར་དང་བོད་མི་མཉམ་འཛོམས་ཐོག་གོ་བསྡུར་གནང་བ་དང་། ཚོགས་འདུ་གྲོལ་བའི་རྗེས་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ང་ཚོར་ཞལ་ལག་བཀྱགས་ཏེ་ཆེ་མཐོང་ཧ་ཅང་ཡག་པོ་བྱུང་པ་རེད་ལ། ད་ལྟའི་བར་ང་ཚོའི་ལས་ཀའི་གནས་སྟངས་དེ་འདྲ་ཞིག་གི་སྒང་ལ་སླེབས་སྡོད་ཡོད་པ་བཞིན། ང་ཚོའི་ངོས་ནས་གནས་སྟངས་དེ་དག་དང་འབྲེལ་ནས་བོད་མི་རྣམས་ལ་ལམ་སྟོན་གྱི་འཆར་གཞི་ཞིག་བཟོ་བཞིན་ཡོད།”
དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ལ་བོད་མིའི་ཆེད་དུ་དམིགས་པའི་སྲིད་ཇུས་གསར་པ་དེ་ས་གནས་ཀྱི་མངའ་སྡེ་སོ་སོར་ལག་བསྟར་བྱེད་སྐབས་དཀའ་ངལ་འཕྲད་སྲིད་མིན་དང་། ད་ལྟའི་ཆར་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་མེད་སྐོར་དྲིས་སྐབས། དྲུང་ཆེས་“དབུས་གཞུང་གིས་གཏན་འབེབས་བྱས་ཏེ་མངའ་སྡེ་སོ་སོར་བཀྲམ་ཚར་པ་རེད། དཔེར་ན། ནུབ་བྷང་གྷལ་མངའ་སྡེ་ལྟ་བུ་ཞིག་ལ་ཆ་མཚོན་པ་ཡིན་ན། དེའི་སྐོར་ལ་ཧ་ལས་པའི་དོ་སྣང་ཡག་པོ་བྱས་འདུག་པ་མ་ཟད། ཚགས་པར་སོགས་ཀྱི་ནང་དུའང་ཐོན་འདུག་ལ། བོད་པར་ཐོབ་ཐང་དང་ཁེ་ཕན་དེ་དག་སྤྲད་ན་འགྲིག་གི་མ་རེད་ཅེས་བརྗོད་མཁན་ཧ་ལམ་མངའ་སྡེ་གཅིག་ཀྱང་བྱུང་མི་འདུག། ཡིན་ནའང་། ལན་ཁ་ཐུག་ཁ་ཐུག་མ་བརྒྱབ་པ་དེ་འདྲ་མངའ་སྡེ་རེ་ཟུང་བྱུང་སྡོད་ཡོད་རེད། ཐོག་མར་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་གཏན་འབེབས་བྱས་ཏེ་མངའ་སྡེ་སོ་སོར་བཀྲམ་པའི་རྗེས། མངའ་སྡེ་སོ་སོའི་བསམ་ཚུལ་བསྡུ་ལེན་བྱས་ཏེ་སླར་ཡང་དབུས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་གོ་བསྡུར་འོག་གཏན་འབེབས་བྱས་ཚར་བ་དེ། མངའ་སྡེ་སོ་སོའི་བཀའ་བརྩི་དང་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་རེད་མ་གཏོགས་དེ་ལས་བརྒལ་ཐབས་མེད། ལག་བསྟར་བྱེད་སྐབས་མི་དང་མིའི་འབྲེལ་བ་དང་སྐད་ཆ་བཤད་སྟངས་སོགས་ཀྱི་ཐོག་ལ་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། རྩ་བའི་སྲིད་ཇུས་ལག་བསྟར་མི་བྱེད་པའི་གནས་སྟངས་རྩར་ནས་ཡོང་ཐབས་མེད། གལ་སྲིད་དཀའ་ངལ་དེའི་རིགས་བྱུང་བ་ཡིན་ན། ང་ཚོ་བོད་མིི་སྒྲིག་འཛུགས་ལ་འབྲེལ་བ་བྱས་པ་ཡིན་ན་ང་ཚོས་རྒྱ་གར་གཞུང་ལ་འབྲེལ་བ་བྱེད་ཆོག་གི་རེད། དཔེར་མཚོན་ཞིག་བཤད་པ་ཡིན་ན། དེ་སྔོན་ང་ལྷོ་ཕྱོགས་སུ་ཡོད་སྐབས་མཱ་རྡི་ར་སི་(Madaras) གྲོང་ཁྱེར་དུ་བོད་མི་སོ་སྨན་ཆེད་ལས་པ་ཞིག་གིས་སོ་སྨན་པའི་སྐྱིད་སྡུག་ཏུ་དེབ་སྐྱེལ་བྱེད་སྐབས། ཁྱེད་རང་བོད་པ་ཡིན་པས་འགྲིག་གི་མ་རེད་ཅེས་དེབ་སྐྱེལ་མ་བྱས་པའི་དཀའ་ངལ་བྱུང་བ་དེའང་སྲིད་ཇུས་འདི་གཏན་འབེབས་བྱས་ཚར་པའི་རྗེས་ལ་ཡིན་དུས། ང་ཚོས་རྒྱ་གར་ནང་སྲིད་ལས་ཁུངས་ལ་ཁ་ཐུག་ཡར་ཞུ་བྱས་ཏེ་གཏན་འབེབས་དེ་དག་ཁས་ལེན་བྱེད་ཀྱི་མི་འདུག་ཅེས་བརྗོད་སྐབས། ཁོང་ཚོས་ཁ་ཐུག་རྒྱབ་གཉེར་ཡིག་ཆ་སྤྲད་དེ་དབུས་གཞུང་གི་གཏན་འབེབས་ལྟར་ཆ་རྐྱེན་ཚང་ན་ཁས་ལེན་དགོས་སྐོར་བྲིས་ཡོད་རེད། མ་འོངས་པར་ཡང་དཀའ་ངལ་དེའི་རིགས་འཕྲད་མི་སྲིད་པ་ཞིག་མིན་སྟབས། ང་ཚོ་ནང་སྲིད་ལས་ཁུངས་ངོས་ནས་ས་གནས་སོ་སོར་ཡིག་ཆ་བཀྲམ་ཏེ་དཀའ་ངལ་དེའི་རིགས་སེལ་ཐབས་བྱས་ཡོད།”
དེ་བཞིན་ནང་སྲིད་དྲུང་ཆེ་ལ་འདི་གའི་གསར་འགོད་པས་རྒྱ་གར་གཞུང་གི་གཏན་འབེབས་གསར་པ་དེའི་འོག་རྒྱ་གར་ཏུ་ཡོད་པའི་བོད་མི་ཡོངས་རྫོགས་ལ་གཅིག་མཚུངས་ཀྱི་ཐོབ་ཐང་དེ་རག་གི་རེད་དམ། ཡང་ན་རྒྱ་གར་དུ་སྐྱེས་མ་སྐྱེས་དང་ལོ་ཚོད་ཀྱི་ཁྱད་པར་དང་ས་མཚམས་ཤིག་ཡོད་རེད། དཔེར་ན། དེ་སྔོན་རྒྱ་གར་འོས་བསྡུའི་སྐབས་བོད་མི་འོས་བླུགས་ཆོག་མཁན་ལ་རྒྱ་གར་ནང་གནས་སྡོད་ལོ་ཚོད་ཀྱི་ཁྱད་པར་ཞིག་བཟོས་པ་བཞིན། ད་ལྟའི་དམིགས་བསལ་གྱི་ཁེ་ཕན་དེ་དག་ཡང་དེ་དང་གཅིག་མཚུངས་ཡིན་མིན་སྐོར་དྲིས་སྐབས། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གྱིས་“རྩ་བའི་རྒྱ་གར་གྱི་ཁྲིམས་གཅིག་གི་ནང་ལ་ལྔ་བཅུ་ང་གྲངས་ནས་བརྒྱད་ཅུ་གྱ་གྲངས་ནང་སྐྱེས་པ་ཟེར་ཡ་གཅིག་དང་། རྒྱ་གར་ནང་དུ་ལོ་ཉི་ཤུ་ཐམ་པ་བསྡད་པ་ཟེར་ཡའི་སྐད་ཆ་ཞིག་ཡོད་ཀྱང་། སྐད་ཆ་དེ་རྒྱ་གར་གྱི་མི་སེར་བྱེད་དང་མི་བྱེད་ལ་འབྲེལ་བ་ཆགས་སྡོད་ཡོད་པ་ལས། ད་ལྟ་ང་ཚོའི་ཉིས་སྟོང་བཅུ་བཞིའི་སྲིད་ཇུས་དེའི་ནང་གི་ཐོབ་ཐང་ཡོད་མཁན་དེ། དེ་སྔོན་ཚོགས་འདུའི་སྐབས་ལ་ནང་སྲིད་དྲུང་ཆེས་གསལ་པོ་ཞེ་དྲག་གསུངས་སོང་། བོད་མི་རྣམས་ཀྱིས་གཏན་འབེབས་དེ་གཞིར་བཟུང་རྒྱ་གར་གྱི་ཡིག་ཚང་ཁག་ཏུ་སྙན་ཞུ་ཕུལ་སྐབས། ཡིག་ཆ་ཅིག་ཚང་མི་འདུག་གཉིས་ཚང་མི་འདུག་ལབ་ནས་སུན་པོ་མ་བཟོ་རོགས། གཙོ་བོ་དོ་བདག་དེ་བོད་པ་རེད་འདུག་དང་མི་འདུག སྐྱབས་བཅོལ་ལག་ཁྱེར་RC ཁུར་རྒྱུ་ཡོད་མཁན་ཞིག་ཡིན་ན་དེ་བོད་པ་ཡིན་པ་རེད། RC ཡོད་པའི་བོད་མི་ཞིག་ཡིན་ན་ཐོབ་ཐང་དེ་སྤྲོད་དགོས་རེད་ཅེས་ཚོགས་རང་གི་ཐོག་ལ་གསུངས་སོང་། དེ་སྔ་རྒྱ་གར་འོས་བསྡུ་སྐབས་ཐོག་མར་འོས་བླུགས་ཆོག་ཟེར་དུས་མཉམ་ཞུགས་བྱེད་མཁན་མང་པོ་བྱུང་བ་དང་། རྗེས་སུ་RC ཡར་བསྡུ་རྒྱུ་རེད་ལབ་སྐབས་ཕྱིར་འཐེན་བྱེད་མཁན་མང་པོ་བྱུང་བ་ནང་བཞིན་རེད། སྲིད་ཇུས་གཏན་འབེབས་གསར་པ་དེའི་འོག་ཏུ་བོད་པ་ཡིན་མིན་གྱི་གཞི་འཛིན་ས་གཙོ་བོ་དེ་སྐྱབས་བཅོལ་ལག་ཁྱེར་ཆགས་ཀྱི་ཡོད་པ་དང་། སྐྱབས་བཅོལ་ལག་ཁྱེར་ཡོད་མཁན་ཚང་མར་གཅིག་མཚུངས་ཀྱི་ཐོབ་ཐང་ལེན་རྒྱུའི་གོ་སྐབས་ཡོད་པ་རེད།” ཅེས་སོགས་གསུངས་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་བཞི་པས་སྔ་ཕྱིར་འབད་བརྩོན་རིམ་པ་ཐེངས་མང་བྱས་པའི་མཐར། རྒྱ་གར་ཏུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ས་ཁང་དང་ཤེས་ཡོན། ལས་ཞུགས་སོགས་ཚུད་པའི་དཀའ་ངལ་ཆེ་ཤོས་དོན་ཚན་བཅོ་ལྔ་ཅན་ཞིག་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ལ་ཕུལ་ཏེ། དབུས་གཞུང་གིས་ཐག་གཅོད་དང་གཏན་འབེབས་ལྟར། ས་གནས་ཀྱི་མངའ་སྡེ་སོ་སོར་བཀྲམས་ཏེ་བསམ་ཚུལ་བསྡུ་བྱས་པའི་རྗེས་རྒྱ་གར་གྱི་སྲིད་ཇུས་ཤིག་ཏུ་ཆགས་ཐུབ་པ་བྱུང་བ་ཞིག་ཡིན་འདུག་པ་དང་། འགྱུར་ལྡོག་གསར་པ་དེ་ནི་བོད་མི་སྐྱབས་བཅོལ་རྣམས་ལ་མིག་སྔར་འཕྲད་བཞིན་པའི་ཁྲིམས་ཐོག་གི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པའི་མཐུན་རྐྱེན་དུ་གྱུར་ཡོད་པ་སོགས་ཞིབ་ཕྲའི་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།