བོད་དོན་ལས་འགུལ་གྱི་སྐྱོ་གནས།

སྨྲ་བརྗོད་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ཕྱིན་ཕྱོགས་ངོས་མང་པོ་ནས་བསམ་ཚུལ་འདྲ་མིན་ཡོད་པ་དེ་ཆོས་ཉིད་ཡིན་པ་དང་། གང་དུ་བསམ་ཚུལ་མི་འདྲ་བ་མེད་ན་དེ་རུ་གནོན་ཤུགས་ཀྱི་འོག་ནས་སྨྲ་བརྗོད་རང་དབང་མེད་པའི་རྟགས་མཚན་ཉག་གཅིག་ཏུ་གྱུར་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༢༩ ཕྱི་ལོ་ ༢༠༡༥/༢/༡༡
སྨྲ་བརྗོད་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ཕྱིན་ཕྱོགས་ངོས་མང་པོ་ནས་བསམ་ཚུལ་འདྲ་མིན་ཡོད་པ་དེ་ཆོས་ཉིད་ཡིན་པ་དང་། གང་དུ་བསམ་ཚུལ་མི་འདྲ་བ་མེད་ན་དེ་རུ་གནོན་ཤུགས་ཀྱི་འོག་ནས་སྨྲ་བརྗོད་རང་དབང་མེད་པའི་རྟགས་མཚན་ཉག་གཅིག་ཏུ་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་སུའང་མིང་ཡོད་མཁན་དང་མེད་མཁན་མང་པོས་བསམ་ཚུལ་རིང་ཐུང་སྣ་ཚོགས་ཤོད་མཁན་ཡོད་ལ། དེ་དག་གི་ནང་དུ་སྤྱི་ཚོགས་འདིའི་ངོས་ནས་སྙིགས་དོར་བཅུད་ལེན་དགོས་པའི་གནད་དོན་ཡང་མང་པོ་མཐོང་རྒྱུ་ཡོད། ཁག་ཅིག་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་མཁན་ཉུང་དུ་སོང་བ་དང། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་བྱུང་ཡང་དེ་དག་གི་རྗེས་སུ་མཆོད་འབུལ་སྨོན་ལམ་ཙམ་དང་གསར་འགོད་གསལ་བསྒྲགས་ཙམ་ལས་གང་ཡང་མེད་པར་གྱུར་ཟིན་པར་སྐྱོན་བརྗོད་བྱེད་མཁན་ཡོད། ཕྱོགས་གཅིག་ནས་ལས་འགུལ་སྤེལ་མཁན་ཚོ་ཡང་ལང་ན་མགོ་བརྡབ། བསྡད་ན་རྐུབ་བརྡབ་པའི་ཚུལ་དུ་གྱུར་ཡོད་པའང་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།

འདས་པའི་དུས་ཡུན་གང་ཙམ་གྱི་རིང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚོན་ན་སྤྱི་ཚོགས་ནང་མཚན་མཐོང་ཧ་ཅང་ཆེ་བའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་ཡིན་པ་དང། གཞོན་ནུ་ལྷན་ཚོགས་ལ་ལམ་འགྲོ་རྒྱུག་པའི་སྐབས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཡིན་བཞིན་དུ་དབུས་གཞོན་ནུའི་རྒྱུན་ལས་པ་ཡང་བྱེད་ཆོག་པའི་དུས་སྐབས་ཤིག་ཤར་མྱོང། དུས་སྐབས་དེ་དག་ཏུ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དཀར་ཕྱོགས་པ་ལ་ངོ་སོ་བསྟོད་རྒྱུ་དང། ནག་ཕྱོགས་པར་བརྩི་བ་དག་ལ་ཁ་གཏད་གཅོག་རྒྱུ་སོགས་མང་མེད་ཀྱང་ཉུང་མེད་པའི་ཚོད་དུ་གྱུར་ཡོད། གང་ལྟར་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་དུས་རྒྱུན་ལས་འགུལ་ཆེ་ཕྲ་སྣ་ཚོགས་སྤེལ་བ་དང། བརྒྱུད་ལམ་ཁག་གི་ནང་དུ་བོད་དོན་གནས་ཚུལ་ཡང་ཆད་མ་མྱོང་བ་ལྟ་བུ་རེད། གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འགྲན་སྡུར་གྱི་རྣམ་པའི་ཐོག་ནས་ལས་འགུལ་སྤེལ་བའི་དུས་སྐབས་ཤིག་ཀྱང་ཤར་མྱོང།

ད་ལྟའི་དུས་འདིར་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་གྱེས་ནས་ནུས་པ་གང་ཡང་མེད་པར་གྱུར་ཟིན་པ་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་གྱི་ངོས་ནས་ཀྱང་ལས་འགུལ་ཆེ་ཕྲ་གང་ཡང་མཐོང་རྒྱུ་མེད། དྷ་རམ་ས་ལར་མཚོན་ན་༧གོང་ས་མཆོག་ཆིབས་བསྒྱུར་གྱི་སྐབས་དྷ་སའི་ལམ་གཞུང་གི་འབའ་འབུར་ཀྱག་ཀྱོག་རྣམས་སུ་ས་བཤོས་ནས་སྙོམས་ཐབས་བྱས་པ་ཙམ་ལས་མཐོང་རྒྱུ་མི་འདུག་ཅེས་བརྗོད་ཀྱང་ཆོག འདི་ཡང་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན་པར། ༧གོང་ས་མཆོག་གི་སྐུ་ཚབ་གཉིས་ཀྱི་མིང་ཐོག་ནས་སྤྲད་པའི་ཡིག་ཆ་དེའི་ནང་རྒྱུན་འཁྱོངས་གསུམ་ཁས་བླངས་ནས། གུང་ཁྲན་ཏང་གི་དབུ་ཁྲིད་དང། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་བཅས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུའང་བོད་དོན་ཆེད་ལས་འགུལ་སྤེལ་བ་དང། ལྷག་པར་དུ་བོད་རང་བཙན་དང་འབྲེལ་བའི་ལས་འགུལ་སྤེལ་ན་༧གོང་ས་མཆོག་ལ་ཁ་གཏད་ཡིན་པའི་བསལ་ཚུལ་དེ་ཁྱབ་སྤེལ་ཤུགས་ཆེ་བྱུང་ཡོད།

དེར་བརྟེན་ལས་འགུལ་སྤེལ་རྒྱུ་དེ་ཡང་ལས་སླ་པོ་ཞིག་གཏན་ནས་མིན་པ་དང། དེ་བཞིན་ལས་འགུལ་སྤེལ་ནས་གྲུབ་འབྲས་འདི་རེད་ཅེས་དུས་ཡུན་ཐུང་ངུའི་ནང་སྟོན་ཆོག་ཆོག་ཅིག་ཀྱང་གཏན་ནས་མིན། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ་སྤྱི་ཚོགས་ནང་འགལ་འདུའི་རང་བཞིན་ཅན་གྱི་བསམ་ཚུལ་ཤུགས་ཆེ་ཡོད་པར་བརྟེན། གཞི་རིམ་མི་མང་གི་བསམ་བློའི་ནང་ནས་འཐབ་རྩོད་ཀྱི་ངར་ཤུགས་རང་བཞིན་གྱིས་བརླགས་ནས་རང་གི་འཚོ་ཐབས་ཁོ་ནར་བརྩོན་རྒྱུའི་འདུན་པ་འགོག་མེད་དུ་ཤར་བཞིན་པའང་མིག་མདུན་གྱི་གནས་ཚུལ་ཛ་དྲག་ཅིག་ཏུ་གྱུར་ཡོད། སྤྱི་ཚོགས་ཧྲིལ་པོའི་འཐབ་རྩོད་ཀྱི་བསམ་བློ་ཉམས་དམས་སུ་གྱུར་ཟིན་པའི་རྗེས་སུ་སླར་གསོ་བྱ་རྒྱུ་ནི་སྟབས་བདེ་པོ་ཞིག་གཏན་ནས་མིན་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འཐབ་རྩོད་ནུས་ཤུགས་ནི་ནང་ཁུལ་ཁ་རྡུང་དང་ཁ་གཏད་གཅོག་རྒྱུ་ཙམ་ལས། རྒྱ་གཞུང་ལ་གནོད་ཤུགས་སྤྲོད་ཐུབ་པའི་འཆར་གཞི་ཞིབ་ཚགས་ཅན་གྱི་ནུས་ལྡན་ལས་འགུལ་ཞིག་མཐོང་ཡུལ་དུ་མེད་པ་ནི་བོད་དོན་འཐབ་རྩོད་ཀྱི་སྐྱོ་གནས་འབའ་ཞིག་ཏུ་གྱུར་ཡོད།

ད་ལྟའི་ཆར་གཞུང་སྒེར་སྒྲིག་འཛུགས་ཁག་དྷ་སའི་རི་མགོ་འདིར་ཚང་མ་འཇམ་ཐང་ངེར་གནས་ཡོད་ལ། ཚོགས་པ་ཁག་གི་མགོ་ཁྲིད་མཁན་མང་པོ་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་རི་སྒང་འདི་དང་ཁ་གྱེས་ནས་སྤྱི་ཚོགས་གཞན་ཞིག་ཏུ་མཚོ་ལ་ཁ་བ་བབས་པ་བཞིན་ཐིམ་ནས་མི་མངོན་པར་འགྱུར་བཞིན་ཡོད། ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་སྒོ་རུ་བོད་མི་མང་པོས་ཉིན་རེ་བཞིན་འཚང་ཁ་རྒྱག་བཞིན་པའི་གནས་ཚུལ་ཞིག་ཀྱང་ཡོད་ལ། འདི་ནི་དབུ་མའི་ལམ་གྱི་གྲུབ་འབྲས་ལ་བརྟེན་ནས་གཞིས་བྱེས་མཉམ་འཛོམས་ཀྱི་མཐུན་རྐྱེན་ཞིག་ཏུ་གྱུར་ཡོད་དམ། ཡང་ན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁ་འཐོར་དུ་འགྱུར་བཞིན་པའི་མངོན་རྟགས་ཤིག་ཡིན། ལྗིད་ཁོག་ཆེ་བའི་དྲི་བ་འདི་ལ་དོ་སྣང་བྱེད་མཁན་མཐོ་རིམ་མི་སྣ་དང་གཞི་རིམ་སྤྱི་ཚོགས་ཀྱི་ནང་དུ་མང་པོ་མེད་ཚོད་རེད། མདོར་ན་བཙན་བྱོལ་དུ་གྱར་ནས་མི་ལོ་༥༦ ལ་ཉེ་བའི་ད་ལྟའི་དུས་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་རྒྱ་ནག་གི་ཡར་རྒྱས་ལ་སེམས་པ་ཤོར་ཞིང། བོད་དོན་འཐབ་རྩོད་ཀྱི་གཟུངས་གཞུག་གཏན་ནས་མེད་པ་ཞིག་ཏུ་གྱུར་སོང་བ་རེད་དམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།