བདེན་དོན་ལ་དཀྲོག་གཏམ་གྱི་ཞྭ་མོ།
རྒྱ་དམར་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སྤྱི་དང་བྱེ་བྲག་བོད་པའི་སྤྱི་ཚོགས་ནང། སྤྱི་ཚོགས་བརྡ་འཕྲིན་དྲ་བ་ཁག་དང། ལྷག་པར་འཕྲིན་ཕྲན་(WeChat)བཀག་སྡོམ་བྱེད་པ་དང་མཉམ་དུ་“གཏམ་བརྗོད་རང་དབང་ཡོད་པ་ལས། དཀྲོག་གཏམ་ལ་རང་དབང་མེད”ཟེར།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༤ ཕྱི་ལོ་ ༢༠༡༤/༨/༢༠
རྒྱ་དམར་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སྤྱི་དང་བྱེ་བྲག་བོད་པའི་སྤྱི་ཚོགས་ནང། སྤྱི་ཚོགས་བརྡ་འཕྲིན་དྲ་བ་ཁག་དང། ལྷག་པར་འཕྲིན་ཕྲན་(WeChat)བཀག་སྡོམ་བྱེད་པ་དང་མཉམ་དུ་“གཏམ་བརྗོད་རང་དབང་ཡོད་པ་ལས། དཀྲོག་གཏམ་ལ་རང་དབང་མེད”ཟེར། ཧོབ་སྟེ་བལྟས་ན་སྐད་ཆ་དེ་ལ་གནས་ལུགས་ཅུང་ཙམ་ཡོད་པའི་བཟོ་ལྟ་བུ་ཡོད་ཀྱང། དོན་དུ་དེ་ལས་བརྒལ་ནས་མི་མང་གི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་བཞིན་ཡོད་པ་རེད། དཔེར་ན་གཏན་འབེབས་དེའི་ནང་“སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཡོད་པའི་གཏམ་བརྗོད་སྤེལ་བ།”ཟེར་བ་དེ་ཁོ་ནའི་ཐོག་ནས་བསམ་བློ་བཏང་ཡང། དམར་ཤོག་གི་རིང་ལུགས་ཁོ་ནར་བརྩི་བཀུར་བྱེད་པ་ལས། མང་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་བཞིན་རང་དབང་གི་ཐོག་ནས་གཏམ་བརྗོད་སྤེལ་མི་ཆོག་པ་དེ་གསལ་སྟོན་བྱས་འདུག ད་དུང་བོད་ནང་དུ་ལག་ཁྱེར་ཁ་པར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་ཡོད་ཀྱང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་རེད། ༧གོང་ས་མཆོག་གི་སྐུ་པར་ཉར་བ་དེ་དཀྲོག་གཏམ་མ་རེད་ལ་དགའ་གུས་རང་བཞིན་དང་འབྲེལ་བའི་གནད་དོན་ཞིག་རེད།
དེ་བོད་ནང་གི་ས་གནས་རེ་ཟུང་ནང་བོད་ཀྱི་བདེན་དོན་ཆེད་ངོ་རྒོལ་སྐད་འབོད་རེ་བྱུང་རྗེས་སུ་ལམ་སང་དྲ་རྒྱ་བཀག་སྡོམ་བྱེད་བཞིན་འདུག དཔེར་ན་ལོ་འདིའི་༧གོང་ས་མཆོག་གི་འཁྲུངས་སྐར་དང། ལ་དྭགས་དུས་འཁོར་དབང་ཆེན་གཉིས་ཀྱི་སྐབས་དཀར་མཛེས་རང་སྐྱོང་ཁུལ་ཟེར་བའི་ས་གནས་སུ་ཟླ་གཅིག་རིང་དྲ་ལམ་བཀག་སྡོམ་བྱས་སོང་བ་ལྟ་བུ་རེད། གནད་དོན་འདིའི་ཐོག་ནས་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱས་པ་ཙམ་དུ་མ་ཟད། དཔལ་འབྱོར་གྱི་ཐོག་ནས་ཀྱང་གྱོང་གུད་ཆེན་པོ་རེད། ལག་འཛིན་ཁ་པར་ནང་ཟླ་རེར་ཉོ་དགོས་པའི་དྲ་རྒྱའི་མཐུན་རྐྱེན་དེ་བཀག་སོང་ན། ཉོས་ཟིན་པའི་དྲ་རྒྱའི་མཐུན་རྐྱེན་དེ་དུས་ཡུན་ངེས་ཅན་ནང་རྫོགས་འགྲོ་བ་ཞིག་ཡིན་པ་མ་ཟད། གཞུང་གིས་བཀག་འགོག་བྱས་པས་འགྲོ་སོང་ཕྱིར་སློག་ཡོང་བའི་རེ་བའང་མེད། མི་གཅིག་གི་ཟླ་རེའི་འགྲོ་སོང་རྒྱ་སྒོར་༣༠ ནས་༥༠༠ བར་ཡིན་པ་དང། རྒྱ་སྒོར་༣༠ ཡིས་ཟླ་རེར་འདེང་མཁན་དཀོན་པས་ཟླ་རེར་རྒྱ་སྒོར་༦༠ ཙམ་བོད་པ་མང་ཆེ་བས་བེད་སྤྱོད་བྱེད་བཞིན་ཡོད་འདུག མི་འབུམ་ཚོ་མང་པོའི་ངོས་ནས་བཤད་ན་རྒྱ་སྒོར་འབུམ་བརྒྱ་ཕྲག་ཁ་ཤས་བཤུ་གཞོག་བྱས་ཡོད།
སྤྱིར་རྒྱ་གཞུང་གིས་དཀྲོག་གཏམ་གྱི་ཞྭ་མོ་ནག་པོ་གཡོགས་པའི་གཏམ་བརྗོད་དག་ནི། བོད་པའི་སྤྱི་ཚོགས་ལ་མཚོན་ན་རང་དབང་བདེ་སྡུག་དང་འབྲེལ་བའི་གནས་ཚུལ་ཁག་བརྒྱུད་སྤེལ་བྱས་པ་ལ་ཟེར་ཞིང། བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཁྲིམས་འགལ་དུ་བརྩིས་ནས་ལོ་མང་པོར་བཙོན་འཇུག་བྱས་པའི་གནས་ཚུལ་མང་པོ་ཡོད། གནད་དོན་དེ་དག་ནི་གཞི་རྩ་གང་ཡང་མེད་པར་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོས་པ་ཞིག་གཏན་ནས་མིན་ཡང། རྒྱ་གཞུང་གི་གདོང་རིས་ངོ་མ་དང། བོད་མི་རིགས་ཀྱི་རེ་བ་དང་ལངས་ཕྱོགས་གང་ཡིན་པ་དེ་འཛམ་གླིང་མི་མང་གི་མདུན་དུ་གསལ་པོ་ཆགས་རྒྱུའི་ཉེན་ཁ་དེ་མཐོང་ནས་བཀག་སྡོམ་བྱས་པ་རེད། བོད་པ་གཅིག་པུ་མ་ཡིན་པར་ཤར་ཏུར་ཀི་སི་ཐན་སོགས་མི་རིགས་གཞན་གྱི་ས་ཁུལ་ལའང་དམ་དྲག་གཅིག་མཚུངས་སུ་ཡོད་པ་དང། རྒྱ་ནག་ནང་ཁུལ་ལ་མཚོན་ན་གྲངས་ཉུང་མི་རིགས་ཁག་གི་ས་ཁུལ་དང་བསྡུར་ན་དམ་དྲག་ཆུང་ཡང། རང་དབང་ཅན་གྱི་རྒྱལ་ཁབ་གཞན་དང་བསྡུར་ན་ཚད་ལས་བརྒལ་བའི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད།
རྒྱ་གཞུང་གིས་འདི་ལྟ་བུའི་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པར་ཁ་གཡར་བཞིན་ཡོད་མོད། དོན་དུ་མི་རིགས་དབྱེ་འབྱེད་དང། བསམ་བློའི་རང་དབང་བཀག་སྡོམ་རྒྱ་ཆེ་བའི་དབང་གིས་རྒྱ་ཁབ་ཁ་འཐོར་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་རེད། འཛམ་གླིང་མི་མང་གི་ཐོབ་ཐང་དང་རང་དབང་གི་གནས་སྟངས་ངོ་མ་དེ་རྒྱ་ནག་གི་སྤྱི་ཚོགས་ནང་ཁྱབ་གདལ་དུ་སོང་བའི་དབང་དུ་བཏང་ན། རྒྱ་ནག་རྒྱལ་ཁབ་དེ་རིང་པོར་མི་ཐོགས་པར་འཐོར་ཞིག་ཏུ་འགྲོ་སྲིད་པར་དོགས་པ་བྱེད་ཀྱི་ཡོད་པ་རེད། རྒྱ་དམར་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་དམ་དྲག་བྱེད་སྟངས་ནི། རང་དབང་གིས་འཕུར་བསྐྱོད་བྱ་རྒྱུར་དགའ་བའི་བྱ་ཡི་རིགས་གཟེབ་ཏུ་བཙུད་པ་ལྟ་བུའི་སྲིད་བྱུས་ཤིག་བཟུང་ཡོད་པས། ནམ་ཞིག་གཟེབ་དེ་ཁ་ཕྱེས་པ་ཡིན་ན་རང་དབང་གིས་འཕུར་འགྲོ་ངེས་ཡིན་པ་དེ་གསལ་པོར་མཐོང་བ་དང། དེ་ལ་བརྟེན་ནས་བྱ་གཟེབ་དེ་ལ་དམ་དྲག་དང་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་པ་རེད། གྲངས་ཉུང་མི་རིགས་ཁག་གི་ནང། ཁྱིམ་བྱ་ལྟ་བུ་གནམ་འཕང་གཅོད་མི་ཐུབ་པའི་རིགས་སྒོ་ཕྱི་ནང་ཙམ་ལ་ཟས་འཚོལ་དུ་འགྲོ་རྒྱུའི་གོ་སྐབས་ཙམ་བསྐྲུན་ཡོད་པ་རེད།
མདོར་ན་ད་ལྟ་རྒྱ་གཞུང་གིས་ཤོད་སྟངས་དང་བྱེད་སྟངས་གཏན་ནས་མི་མཐུན་པར། ཁ་གཅིག་ནས་སྟོབས་ཆེན་རྒྱལ་ཁབ་ཡིན་པ་དང་བརྟན་ལྷིང་ཡོད་པ། དཔལ་འབྱོར་ཡར་རྒྱས་སོང་བའི་གནས་ཚུལ་དག་ཉིན་རེ་བཞིན་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང། ཕྱོགས་གཅིག་ནས་དྲ་རྒྱ་བཀག་སྡོམ་དང། མི་མང་གི་རང་དབང་ལ་ཚད་བཀག་སྣ་ཚོགས་བཟོ་བཞིན་ཡོད་པ་ནི། རྒྱལ་ཁབ་བརྟན་ལྷིང་མི་ཡོང་བའི་ཞེད་སྣང་ཆེན་པོ་ཡོད་པ་དང། གྲངས་ཉུང་མི་རིགས་ཁག་རྒྱ་ནག་གི་ཉེན་ཁ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རང་དབང་གི་གོ་རྟོགས་མཐོ་རུ་ཅི་ཙམ་སོང་བ་དེ་ཙམ་དུ་རྒྱ་རིགས་མི་མང་ཡང་དམར་ཕྱོགས་གཞུང་གི་འགལ་རྐྱེན་དུ་འགྱུར་སྲིད་པའི་དངངས་སྐྲག་ཆེན་པོ་ཡིན་པ་གསལ་སྟོན་བྱས་པ་རེད། བོད་པའི་ཕྱོགས་ནས་རྒྱ་གཞུང་གི་གནས་བབས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་ཀྱང། རྒྱ་གཞུང་གི་ངོས་ནས་དེ་ལས་ལྡོག་སྟེ་ཞེད་སྣང་དང་སེམས་འཚབ་ཀྱི་ནང་དུ་གནས་ཡོད་པ་ནི་བྱེད་སྟངས་དེ་དག་གི་ཐོག་ནས་ར་སྤྲོད་བྱས་ཡོད།།