བོད་མི་ང་ཡི་ཞུ་འབོད།

གཅིག་བྱས་ན་རང་བཙན་ནི་ང་ཚོའི་འཐབ་བརྩོད་ཀྱི་རྒྱུ་ཆ་ཞིག་ཡིན་སྲིད། གཅིག་བྱས་ན་དབུ་མ་ནི་དོན་དངོས་ཀྱི་ཐབས་ལམ་འདི་ལས་མེད་པ་ཞིག་ཡིན་རྒྱུ་རེད།

གཅིག་བྱས་ན་རང་བཙན་ནི་ང་ཚོའི་འཐབ་བརྩོད་ཀྱི་རྒྱུ་ཆ་ཞིག་ཡིན་སྲིད། གཅིག་བྱས་ན་དབུ་མ་ནི་དོན་དངོས་ཀྱི་ཐབས་ལམ་འདི་ལས་མེད་པ་ཞིག་ཡིན་རྒྱུ་རེད། འོན་ཀྱང་ང་ཡིས་ཤེས་པ་གཅིག་ནི་དེ་གཉིས་བར་ལ་ཐལ་སྤྱོད་ཆེ་བའི་འཐབ་བརྩོད་བྱས་ནས་སྡད་ན་དེ་ནི་བོད་ཀྱི་རྩ་དོན་གྱི་སྲོག་རྩ་བཅོད་བཞིན་དང་བོད་ནང་ལ་རང་སྲོག་དམར་པོ་བློས་བཏོང་བྱེད་བཞིན་པའི་བོད་མི་རྣམས་ལ་འཇིག་རྟེན་འདི་ཡི་མི་སྐད་གང་ཞིག་ནང་འགྲེལ་བཤད་རྒྱག་རྒྱུ་མེད་པའི་དམའ་འབེབས་ཆེན་པོ་ཞིག་དང་ང་ཚོ་ཡི་ངོ་ཚ་ཆེན་པོ་གཅིག་རེད། དུས་རབ་༢༡ པ་ཡིས་ང་ཚོ་བྱིས་པའི་བློ་སྒོ་ལས་རྒལ་དགོས་པའི་མགྲོན་བརྡ་བཏང་ནས་དུས་ཡུན་རིང་པོ་སོང་ཡོད་ལ། བོད་ནང་གི་ཆོལ་གསུམ་བོད་མི་རྣམས་ཀྱིས་ང་ཚོ་ཡི་རྣ་རྩ་ལ་སྲོག་གི་འཁར་རྔ་སྡུང་བ་དང་ང་ཚོ་ཡི་སྣ་རྩ་ལ་མི་ཤ་ཡི་བདུག་པ་བདུག་ནས། ང་ཚོ་གཉིད་སད་ཐབས་བྱས་ནས་ལོ་རབ་མང་པོ་སོང་ཡོད།

ང་ཚོ་ཡི་ཐབས་སྡུག་གི་བྱ་སྤྱོད་འདི་ནི་རྒྱ་ལ་ངོ་ཚ་དགོས་པ་གཅིག་རེད་ཅེས་མང་པོས་བརྗོད་བཞིན་ཡོད་པ་རེད་དེ། དེ་ལས་ཀྱང་སྡུག་པ་གཅིག་ལ། འདི་ནི་ངོ་མ་བོད་ནང་གི་བོད་མི་ཚོ་ཡི་ངོ་ལ་ལྟ་མི་ཕོད་པའི་ངོ་ཚ་ཆེན་པོ་གཅིག་རེད་བསམ་གྱི་འདུག ད་ཚང་མས་གོམ་གང་ཕྱིར་ཤིག་གཅིག་སྒྱོབ། དབུགས་ཐེབས་གཉིས་པ་ཞིག་ཐོན། མིག་འཕུར་ཙམ་བྱས་ནས་འདངས་ཤིག་རྒྱག་རོགས་གནང་། རིག་གནས་གསར་རྗེ་ཡི་སྐབས་སུ་བོད་མི་ཐལ་སྤྱོད་པ་ཚོ་ཡིས་བོད་ཀྱི་དགོན་སྡེ་གཏོར་རོགས་བྱས་པ་དང་། བོད་ཀྱི་བླ་མ་ཞོན་པ་རེད། ད་ལྟ་རང་དབང་ལུང་པ་ཡི་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཐལ་སྤྱོད་ཀྱི་སྤྱོད་ཚུལ་བཟུང་ནས་བོད་ཀྱི་རྩ་དོན་གྱི་ཞབས་པུས་ལ་གོ་ལོག་གི་ཐོ་བ་མི་གཞུ་རོགས་ཞེས་ཁྱེད་རྣམས་དང་ཤ་ཁྲག་རིགས་རྒྱུད་གཅིག་པ་ཡིན་པའི་བོད་མི་ཐ་ཤལ་བ་ང་ཡིས་གསོལ་བ་རྩེ་གཅིག་འདེབས་བཞིན་པ་ཡིན།

ཡེ་ཤེས་རྡོ་རྗེ་ཡིས།་་སྤྱི་ཟླ་༣་པའི་ཚེས་༡༢་ཉིན་ཕུལ།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།