ཉི་འགོག་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་སྟེ་ལོ་༧༠ འཁོར་བའི་དམག་ཤོམ་དུས་སྟོན།
དེ་རིང་རྒྱ་ནག་གི་རྒྱལ་ས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཉི་ཧོང་འགོག་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་མི་ལོ་ཧྲིལ་པོ་༧༠ འཁོར་བའི་དུས་དྲན་གྱི་དམག་ཤོམ་མཛད་སྒོ་འཚོགས་ཡོད་པ་དང་། ཞི་ཅིན་ཕིང་གིས་གཏམ་བཤད་སྐབས་མ་འོངས་པར་རྒྱ་ནག་གི་དམག་ཁྲི་༣༠ ཉུང་འཕྲི་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག
དེ་རིང་རྒྱ་ནག་གི་རྒྱལ་ས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཉི་ཧོང་འགོག་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ་མི་ལོ་ཧྲིལ་པོ་༧༠ འཁོར་བའི་དུས་དྲན་གྱི་དམག་ཤོམ་མཛད་སྒོ་འཚོགས་ཡོད་པ་དང་། ཞི་ཅིན་ཕིང་གིས་གཏམ་བཤད་སྐབས་མ་འོངས་པར་རྒྱ་ནག་གི་དམག་ཁྲི་༣༠ ཉུང་འཕྲི་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག
ཕྱི་ཟླ་༩ པའི་ཚེས་༣ རེས་གཟའ་ཕུར་བའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཛམ་གླིང་འཁྲུག་ཆེན་གཉིས་པ་དང་ཉི་ཧོང་འགོག་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟེ། མི་ལོ་ཧྲིལ་པོ་༧༠ འཁོར་བའི་དུས་དྲན་གྱི་དམག་ཤོམ་རུ་སྒྲིག་ཁྲོམ་སྐོར་གྱི་མཛད་སྒོ་རྒྱ་ཆེ་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ད་ལྟའི་ལས་ཐོག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དང་། སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་ཧུ་ཅིན་ཐའོ་གཉིས་གཙོས་ཀྱི་འགོ་ཁྲིད་ལས་བྱེད་ཟུར་པ་རྣམས། ཕྱིའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་གྱི་ནང་དུ་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་ཕ་ཁི་རྗེན་ཧེ་གཉིས་གཙོས་པའི་སྐུ་ཚབ་བཅས་མཉམ་ཞུགས་བྱས་ཡོད་པ་དང་། ཐང་ཆེན་དུ་དམག་ཤོམ་སྐབས་ལྕགས་འཁྲབ་འཁོར་ལོ་རུ་སྒྲིག་དང་དམག་འཐབ་གནམ་གྲུ་འཕུར་བསྐྱོད། རྐང་དམག་གི་ཁྲོམ་སྐོར། སྒྱོགས་མདེལ་དང་འཕུར་མདའ་བཤམ་སྟོན་སོགས་སྐམ་མཚོ་མཁའ་གསུམ་གྱི་དེང་རབས་དྲག་དམག་གོ་མཚོན་ངོམ་ཤོམ་བྱས་ཡོད་པ་རེད།
དམག་ཤོམ་མ་བྱས་པའི་སྔོན་གྱི་གཏམ་བཤད་ནང་། ཞི་ཅིན་ཕིང་གིས་རྒྱ་ནག་ནི་དམག་ཆེན་གཉིས་པའི་སྐབས་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་འཛིན་བྱས་ཡོད་པ་མ་ཟད། འཛམ་གླིང་གི་ཧྥ་ཤི་སི་རིང་ལུགས་འགོག་རྒོལ་ལ་རྒྱལ་ཁ་ཐོབ་པའི་བརྒྱུད་རིམ་ཁྲོད་རྒྱ་ནག་གིས་གལ་ཆེའི་ལེགས་སྐྱེས་འབུལ་ཡོད་ཚུལ་བརྗོད། ཁོང་གིས། འཛམ་གླིང་འཁྲུག་ཆེན་གཉིས་པའི་ནང་། རྒྱ་ནག་གི་མི་ཁྲི་༣༥༠༠ ཙམ་ཤི་རྨས་བྱུང་པ་དང་། འཐོར་ཞིག་ཏུ་མ་སོང་བའི་སྔོན་གྱི་དམར་ཤོག་ཨུ་རུ་སུའི་མི་༢༧༠༠ ཙམ་ཤི་རྨས་ཐེབས།
ཞི་ཅིན་ཕིང་གིས་གཏམ་བཤད་ནང་སྔར་བཞིན་སྔོན་མའི་ཚད་འཛིན་གྱི་ཕྱི་འབྲེལ་ཐ་སྙད་མང་པོ་ཞིག་བེད་སྤྱོད་བཏང་ཡོད་པའི་ནང་། “འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་”ཞེས་པ་དང་། ཡང་ཁོང་གིས་“འགྱུར་བ་མེད་པར་ཞི་བདེ་གོང་སྤེལ་གྱི་ལམ་དུ་བསྐྱོད་དེ། དུས་ནམ་ཡང་དབང་བསྒྱུར་དང་རྒྱ་བསྐྱེད་མི་བྱེད་ལ། རང་ལ་དངོས་སུ་འཕྲད་མྱོང་བའི་ཡིད་སྐྱོའི་གནས་སྟངས་དེ་དག་བཙན་ཤེད་ཀྱིས་རྒྱལ་ཁབ་གཞན་གྱི་མི་མང་གི་ཐོག་ཏུ་སྤེལ་རྒྱུ་མིན་”སྐོར་བརྗོད།
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གིས་འབྱུང་འགྱུར་དམག་ཁྲི་༣༠ ལྷག་ཡན་ཉུང་འཕྲི་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཁོང་གི་གཏམ་བཤད་ནང་། དམག་ཉུང་འཕྲིའི་བྱ་སྤྱོད་ལས་རྒྱ་ནག་གིས་ཞི་བདེ་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པར་མངོན་པ་དང་། རྒྱ་ནག་སྟོབས་ཤུགས་ཆེན་པོ་ཅི་འདྲ་ཞིག་ཆགས་མིན་ལ་མ་ལྟོས་པར། ཕྱི་ཕྱོགས་སུ་དབང་སྒྱུར་དང་རྒྱ་སྐྱེད་ལ་རེ་བ་བཅོལ་མི་སྲིད་ཅེས་བརྗོད་འདུག ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྒྱ་ནག་གིས་ཐེངས་གསུམ་ལ་དམག་ཉུང་འཕྲི་བྱས་ཡོད་ཅིང་། མིག་སྔར་རྒྱ་ནག་དམག་དཔུང་གི་གྲངས་ཚད་དེ་དམག་ཁྲི་༢༣༠ ཙམ་ཡིན་པས། མ་འོངས་པར་ད་ལྟའི་ཚད་ལས་བརྒྱ་ཆ་༡༣% ཉུང་འཕྲི་བྱ་རྒྱུ་ཡིན་ནའང་། ད་དུང་དུས་ཚོད་རེའུ་མིག་གཏན་ཁེལ་བྱས་མེད་པ་རེད།
ཐེངས་འདིའི་རྒྱ་ནག་གི་ལོ་རྒྱུས་རང་བཞིན་ཅན་གྱི་དམག་ཤོམ་མཛད་སྒོའི་ཐོག་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་ཕ་ཁི་རྗེན་ཧེ་གཉིས་ཕུད་པའི། ནུབ་ཕྱོགས་དང་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་སུའང་སླེབས་མེད་པ་མ་ཟད། རྒྱ་ནག་གི་གདན་ཞུ་ལ་ཉི་ཧོང་གི་སྲིད་བློན་ཨ་བྷི་ཡིས་ཁས་ལེན་བྱས་མེད་ཅིང་། ཉི་ཧོང་ནང་སྲིད་བློན་ཆེན་ཡོ་ཞི་ཧི་རྡི་སུ་གྷ་ཡིས་བརྗོད་རྒྱུར། རྒྱ་ནག་གིས་ནམ་རྒྱུན་སྐབས་དེའི་ཡ་ང་བའི་ལོ་རྒྱུས་ལ་སྦར་འཇུ་བྱས་ཏེ་མི་གློད་པ་མི་བྱ་བར། མ་འོངས་པའི་འགྱུར་བ་ལ་ཁ་ཕྱོགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཐུན་མོང་གིས་དོ་སྣང་བྱ་ཡུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་བརྗོད་འདུག ཡིན་ནའང་། རྒྱ་ནག་གིས་སྔར་བཞིན་དམག་སྦྱོང་ནི་དེ་རིང་གི་ཉི་ཧོང་ལ་ཆེད་དུ་དམིགས་པ་ཞིག་མ་ཡིན་པར། འཁྲུག་ཆེན་གཉིས་པའི་ནང་རྒྱ་ནག་གི་རླབས་ཆེན་བློས་གཏོང་ལ་དྲན་གསོ་ཞུ་བ་ཞིག་ཡིན་སྐོར་བརྗོད་བཞིན་པ་རེད།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།