ཐའེ་ཝན་དང་རྒྱ་ནག་གི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད།
རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཀྲུའུ་ལི་ལོན་དང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཅིན་ཕིང་གཉིས་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་གོ་གཉིས་སྤྱི་མོས་གྲོས་ཆོད་དང་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཀྲུའུ་ལི་ལོན་དང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཅིན་ཕིང་གཉིས་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་གོ་གཉིས་སྤྱི་མོས་གྲོས་ཆོད་དང་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་པ་རེད།
ཐའེ་ཝན་མང་གཙོ་ཚོགས་པའི་(གོ་མིན་ཏང་)ཀྲུའུ་ལི་ལོན་གྱིས་བརྗོད་དོན། ཕྱི་ལོ་༡༩༩༢ ལོར་མཚོ་འགག་གཉིས་རྒྱ་གཅིག་གི་འོག་ཏུ་ཚུད་པའི་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་ནའང་། ནང་དོན་དང་འགྲེལ་བཤད་མི་འདྲ་ཡོད་པའི་“གོ་གཉིས་སྤྱི་མོས་གྲོས་ཆོད་”ནི་མཚོ་འགག་གཉིས་ཐུན་མོང་འབྲེལ་ལམ་གྱི་རྨང་གཞིར་གྱུར་ཡོད་པ་དང་། འདས་པའི་ལོ་བཅུའི་རིང་། དེ་ལྟ་བུའི་རྨང་གཞིའི་འོག མཚོ་འགག་གཉིས་ཀྱི་སྔ་མོའི་རྩོད་རྙོག་དེ་རིམ་བཞིན་འགྲིག་མཐུན་དང་ཞི་བའི་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཅིན་ཕིང་གིས་མཚོ་འགག་གཉིས་ཀྱིས་ངེས་པར་དུ་གོ་གཉིས་སྤྱི་མོས་གྲོས་ཆོད་ཀྱི་རྨང་གཞིའི་འོག་འབྲེལ་ལམ་ཡར་རྒྱས་གཏོང་དགོས་སྐོར་བསྐྱར་བརྗོད་གནང་པ་དང་། ཁོང་གིས་“མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཐད་ཚང་མས་གཟབ་ནན་གྱིས་བསམ་གཞིགས་བྱ་དགོས། མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཇི་ལྟ་བུ་ཞིག་གི་ཐོག་ཏུ་བསྐྱོད་དགོས་མིན་ནི། ཕྱོགས་གཉིས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་དང་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོའི་མདུན་དུ་སྤུངས་པའི་གལ་ཆེའི་གནད་དོན་ཞིག་རེད།”
ཞི་ཅིན་ཕིང་གིས་བརྗོད་དོན། “ གོ་གུང་(གོ་མིན་ཏང་དང་གུང་ཁྲན་ཏང་) ཚོགས་པ་གཉིས་ཀྱི་འབྲེལ་ལམ་ངེས་པར་སྲ་བརྟན་དུ་གཏོང་དགོས་པ་དང་། ཐུན་མོང་གིས་མཚོ་འགག་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་སྒོ་འབྱེད་བྱས་ཏེ། མཚོ་འགག་ཐུན་མོང་གི་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས་པ་མ་ཟད། ཚོགས་གཙོ་ཀྲུའུ་ལི་ལོན་དང་མཉམ་དུ་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱ་རྒྱུའི་འདོད་པ་ཡོད།
ཀྲུའུ་ལི་ལོན་གྱིས་ཞི་ཅིན་ཕིང་དང་མཇལ་འཕྲད་སྐབས་བརྗོད་དོན། གོ་གཉིས་སྤྱི་མོས་གྲོས་ཆོད་ཀྱི་རྨང་གཞིའི་འོག མ་འོངས་པར་ཐའེ་ཝན་ལ་རྒྱལ་སྤྱིའི་སྟེང་ཡར་རྒྱས་ཀྱི་སྡིངས་ཆ་གང་མང་དགོས་མཁོ་ཡོད་པ་དང་། ཐའེ་ཝན་གྱི་གཞོན་སྐྱེས་ཚོས་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ལ་རེ་སྒུག་བྱེད་བཞིན་ཡོད་ལ། ཐའེ་ཝན་གྱི་གཞོན་རབས་རྣམས་ཀྱིས་ས་ཁུལ་གྱི་ཞི་བདེའི་གནད་དོན་དང་། དཔལ་འབྱོར་མཉམ་འབྲེལ་བྱ་ཕྱོགས་སོགས་ཀྱི་གྲུབ་འབྲས་མཐོང་ཐུབ་རྒྱུར་རེ་བ་ཧ་ཅང་ཡོད་པའི་ང་ལ་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་བརྗོད་རྒྱུར། ཐའེ་ཝན་ས་ཁུལ་དཔལ་འབྱོར་མཉམ་འབྲེལ་ནང་དུ་མཉམ་ཞུགས་ཀྱི་གནད་དོན་ཐོག མཚོ་འགག་གཉིས་ཀྱིས་ཞིབ་འཇུག་གཏིང་ཟབ་དང་དངོས་ཡོད་ལ་གཞིགས་ཏེ་གྲོས་མོལ་གྱི་ལམ་ནས། རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་རྒྱབ་འགལ་མ་བྱས་པའི་གནས་སྟངས་འོག་འོས་མཚམས་ཀྱི་གོ་སྒྲིག་བྱ་ཆོག་ཅེས་དང་། ཁོང་གིས་ཐའེ་ཝན་ཨེ་ཤི་ཡའི་མ་འཛུགས་དངུལ་ཁང་ནང་ཞུགས་རྒྱུར་དགའ་བསུའི་རྣམ་འགྱུར་བསྟན་ཡོད་ནའང་། ཐད་ཀར་ལན་འདེབས་ཁ་གསལ་བྱས་མེད་པ་རེད།
ཀྲུའུ་ལི་ལོན་གྱིས་ཐུག་འཕྲད་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན། ཞི་ཅིན་ཕིང་ལ་མཚོ་འགག་གཉིས་ཀྱི་འགྲོ་འོང་དེ་ཕྱི་གསལ་ནང་གསལ་དང་། གཞོན་སྐྱེས་རྣམས་མཉམ་ཞུགས་བྱ་བཅུག་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། དངུལ་འབབ་འཕར་སྣོན་སྣ་མང་ཅན་དུ་བསྒྱུར་བ་དང་། མཚོ་འགག་གཉིས་བར་གྱི་རྩོད་གླེང་ངེས་པར་དུ་མཚམས་བཞག་སྟེ། ཐུན་མོང་གི་རེ་འདུན་ལ་མཉམ་འབྲེལ་དང་ལྟ་བ་མི་མཐུན་པར་བརྩི་བཀུར་དགོས་པའི་བསམ་ཚུལ་བཤད་པ་ཡིན། གོང་གི་འགྲེལ་བརྗོད་དེ་སྔོན་གྱི་“ཐུན་མོང་གི་རེ་འདུན་དང་ལྟ་ཚུལ་མི་མཐུན་པ་མཉམ་གནས་”ཞེས་པ་དང་བསྡུར་ན་ཡར་རྒྱས་ཕྱིན་ཡོད། རྒྱུ་མཚན་གང་ལགས་ཤེ་ན། རྒྱ་ནག་སྐམ་ས་ཡིས་་ངེས་པར་དུ་ཐའེ་ཝན་གྱི་ལྟ་ཚུལ་མི་མཐུན་པར་བརྩི་བཀུར་བྱ་དགོས། ཀྲུའུ་ལི་ལོན་གྱིས་བརྗོད་རྒྱུར། མཚོ་འགག་གཉིས་ཀྱི་ཞི་བདེ་དང་མཉམ་འབྲེལ་བྱས་ན། ད་གཟོད་གཉིས་ཕན་དང་གཅིག་ཕན་གཅིག་གྲོགས་ཡོང་ཐུབ་པ་དང་། མི་ཐམས་ཅད་དང་མི་རབས་རྗེས་མ་རྣམས་ལ་ཕན་པའི་ལས་ཀ་ཞིག་ངེས་པར་དུ་བསྒྲུབ་དགོས་ལ། དེའང་སྐྱོན་མེད་པའི་སེམས་ཁམས་དང་གུ་ཡངས་དང་ཁོག་རྒྱ་ཆེ་བའི་ཐོག་གནས་ཆབ་སྲིད་ཚོགས་པ་གཉིས་བར་འབྲེལ་ལམ་འཛུགས་དགོས།
ཀྲུའུ་ལི་ལོན་གྱིས་མཇུག་མཐར་བརྗོད་པ་ལྟར་ན། ཞི་ཅིན་ཕིང་དང་མཇལ་འཕྲད་དང་གསོལ་ཚིགས་སྐབས་སོ་སོའི་ཕྱོགས་ཀྱི་ས་གནས་དཔོན་རིགས་ལོ་རྒྱུས་དགོད་བྲོ་བ་རེ་བཤད་དེ་ཀུ་རེ་རྩེད་ཡོད་པ་མ་ཟད། ཁོང་གཉིས་ཀས་གཞི་རིམ་མི་མང་གི་བསམ་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།