ཁ་ཡོད་ཚད་ཀྱིས་ཤོད་དགོས་སམ།
བོད་པའི་སྤྱི་ཚོགས་ནང་དམ་སྲི་དོལ་རྒྱལ་དང་འབྲེལ་བའི་སྐོར་གྱི་རྙོག་གླེང་གང་མང་ཞིག་ཡོད་པ་དང། དེ་ལ་བརྟེན་ནས་རྩ་དོན་ལ་འགལ་རྐྱེན་གྱི་རང་བཞིན་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད། དོལ་རྒྱལ་ཁ་འཁྱེར་བ་རྣམས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་ལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༣ ཕྱི་ལོ་ ༢༠༡༤/༨/༡༣
བོད་པའི་སྤྱི་ཚོགས་ནང་དམ་སྲི་དོལ་རྒྱལ་དང་འབྲེལ་བའི་སྐོར་གྱི་རྙོག་གླེང་གང་མང་ཞིག་ཡོད་པ་དང། དེ་ལ་བརྟེན་ནས་རྩ་དོན་ལ་འགལ་རྐྱེན་གྱི་རང་བཞིན་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད། དོལ་རྒྱལ་ཁ་འཁྱེར་བ་རྣམས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་ལ། རྒྱ་དམར་གཞུང་གི་འདོད་དོན་ངོ་མ་དེ་ཁོང་ཚོས་སྒྲུབ་བཞིན་པ་དེ་ཧ་ཅང་གསལ་པོར་གྱུར་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་རྒྱུས་གཞི་ལ་བཞག་ཅིང། མ་འོངས་པར་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ཆེད་དུ་སྤང་བླང་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་བ་དག་སྣང་མེད་དུ་གཏོང་བ་ཙམ་དུ་མ་ཟད། ངོ་རྒོལ་མཚན་སྨོད་ཞུ་མཁན་དག་ལ་མི་གཞན་ཞིག་གིས་གོ་བསྐོན་སློབ་གསོ་བྱས་ནས་ཕན་པ་ཞིག་གཏན་ནས་མིན། ཁ་གཏད་ཀྱི་རྣམ་པའི་ཐོག་ནས་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་བྱས་པ་སོགས་ཀྱང་འདས་པའི་ལོ་རྒྱུས་གསལ་པོ་ཤེས་པ་ཙམ་དུ་མ་ཟད། དེ་དང་འབྲེལ་བ་ཡོད་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དག་ཤེས་རྟོགས་ཟབ་མོ་ཡོད་མཁན་ཞིག་མ་གཏོགས་ཁ་ཡོད་ཚད་ཀྱིས་ཤོད་དགོས་པ་ཞིག་ག་ལ་ཡིན།
ཉེ་ཆར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་སློབ་གྲྭ་ཁག་ཅིག་ལ་དོལ་རྒྱལ་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ་ལྟ་བུ། ཆོས་ཀྱི་གནས་ལུགས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ཁྲིམས་ལུགས་ཀྱི་གནས་སྟངས་གསལ་པོ་མཁྱེན་པ་ཞིག་གིས་མི་མང་ལ་ལམ་སྟོན་གསུང་བཤད་གནང་བ་དེ་ལྟ་བུ་གཞན་སུས་བཤད་ཐུབ་ཀྱང་ཕན་ཐོགས་ཆེན་པོ་ཡོད་པ་སྨྲོས་མེད་རེད། རྒྱུ་མཚན་དང་གནས་ལུགས་ཚད་ལྡན་བཤད་མི་ཤེས་པ་མ་ཟད། དོལ་རྒྱལ་ཁ་འཁྱེར་བ་དག་ལ་ཁ་རྡུང་གཏོང་ཞོར་ཆོས་བརྒྱུད་ཆེ་ཁག་གི་བརྒྱུད་པའི་བླ་མ་དག་ལ་སྐུར་འདེབས་བྱས་པས། དོན་དམ་པར་མི་མང་ལ་གོ་རྟོག་སྤེལ་ཐུབ་པ་ཞིག་མིན་ལ། བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཀྱི་ཆ་ཤས་ཙམ་དུའང་འགྱུར་མི་སྲིད། ད་དུང་སྡུག་ས་ནས་བཤད་ན་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་བའི་ཁ་སྣོན་དུ་འགྱུར་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་དུ་གྱུར་ཡོད། དེར་བརྟེན་གནད་དོན་འདིའི་སྐོར་ལ་གཏམ་གླེང་བྱེད་པའི་ཚེ་གནས་ལུགས་དང་རྒྱུ་མཚན་རྒྱབ་ལྗོངས་ཚང་མ་ཤེས་མཁན་དག་གིས་ཤོད་དགོས་པ་དེ་ཧ་ཅང་གལ་ཆེ་སྙམ།
དེ་བཞིན་ཡིག་ཐོག་ནས་དགག་བཞག་བྱེད་མཁན་ཁག་ཅིག་གིས་ཀྱང་ནང་གི་བརྗོད་བྱ་དང་རྗོད་བྱེད་ལ་བལྟ་ས་གང་ཡང་མེད་པ་མ་ཟད། དེབ་ཀྱི་ཁ་བྱང་གི་ནང་དུ་ཡིག་ནོར་ཆེན་པོ་རེ་བྲིས་ནས་པར་སྐྲུན་བྱས་ཡོད་པ་དག་ཀྱང། ཕན་ཐོགས་པ་ལས་གནོད་དུ་འགྱུར་སྲིད་པ་ཞིག་རེད། འོན་ཀྱང་མི་རེ་ཟུང་གིས་གོ་སྐབས་ཤིག་ཏུ་བརྩིས་ནས་དེབ་རེ་བྲིས་ཏེ་སྦྱིན་བདག་རག་རྗེས་པར་སྐྲུན་བྱས་པ་དང། རྗེས་སུ་དེབ་དེའི་ནང་གི་ཡིག་ཆ་ཁག་བསྐྱར་དུ་ཤོག་བུའི་སྟེང་པར་བརྒྱབ་ནས་དེབ་འདི་འདྲ་ཞིག་བྲིས་ཡོད་པས་པར་སྐྲུན་གྱི་ཆེད་དུ་འགྲོ་སོང་གནང་རོགས་ཞེས་བཤད་དེ། འགྲོ་སོང་ཉིས་བརྩེགས་ལེན་ཐུབ་པའི་ལོ་རྒྱུས་ཀྱང་དངོས་སུ་བྱུང་མྱོང་བ་དག་ལ་བལྟས་ན། སྔོན་མ་བཀའ་ཤག་གི་འོག་ཏུ་དོལ་རྒྱལ་ཞིབ་འཇུག་ཚོགས་པ་ཞེས་པ་ཞིག་ཡོད་པ་དེས་ཞིབ་འཇུག་ནན་པོ་བྱེད་ཀྱི་མེད་པ་གསལ་པོ་ལྟ་བུར་གྱུར་པ་རེད། གོང་དུ་དྲངས་པའི་དཔེ་མཚོན་དེ་སྐབས་འདིར་མིང་བཟུང་སྐད་བཟུང་གིས་གསལ་པོ་བཟོ་དགོས་པར་མ་མཐོང་ཡང་དོན་གྱིས་ཤིག་སེན་ར་སྤྲོད་ཀྱིས་བཤད་དགོས་ཀྱང་དཔང་རྟགས་ཡོད་པ་ཞིག་ཏུ་གྱུར་ཡོད།
སླད་ཕྱིན་དམ་སྲི་དོལ་རྒྱལ་གྱི་བྱུང་རིམ་ལོ་རྒྱུས་དང་དེའི་ཕན་གནོད་སྐོར་བཤད་སྐབས་ཆོས་ཕྱོགས་ཀྱི་བླ་མ་དགེ་བཤེས་མཁས་པ་དག་གིས་བཤད་ན་མི་མང་ལ་སེམས་འགུལ་ཐེབས་ཐུབ་པ་ཞིག་ལས། མི་སྐྱ་དེའི་སྐོར་གང་ཡང་མི་ཤེས་མཁན་ཞིག་གིས་ཉིན་རེ་ཟུང་ནང་དེབ་ཁ་ཤས་ལ་མགོ་ཆོད་རྔ་ཆོད་རེ་བལྟས་པ་ཙམ་གྱིས་དེའི་གནད་དོན་ཡོངས་སུ་རྫོགས་པ་ཤེས་ཐུབ་པ་ཞིག་མིན་ལ། གོ་སྐབས་དེ་ཡང་ཆུད་ཟོས་སུ་བཏང་བ་ཁོ་ནར་འགྱུར་ངེས་རེད། དེར་བརྟེན་གནད་དོན་འདི་ལྟ་བུའི་རིགས་ལ་འབྲེལ་བ་དང་ཤེས་རྟོགས་ཡོད་པ་ཞིག་གིས་བཤད་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། རེ་ཟུང་གིས་༧གོང་ས་མཆོག་ལ་ཞབས་འདེགས་དང་རྒྱབ་སྐྱོར་ཡིན་པའི་རྣམ་པ་གསལ་སྟོན་བྱེད་ནའང། ཚད་དང་ཚུགས། གནས་ལུགས་དང་རྒྱུ་མཚན་གསལ་པོ་བརྗོད་མ་ཐུབ་པར་དམ་སྲི་དང་འབྲེལ་བ་མེད་མཁན་དག་གི་སེམས་ལའང་ཕོག་ཐུག་འགྲོ་བ་ལྟ་བུ་ཞིག་བཤད་པ་ཡིན་ན། ༧གོང་ས་མཆོག་ལ་མཚན་ཤས་སུ་འགྱུར་སྲིད་པའང་མིག་སྔའི་གནས་ཚུལ་གྱིས་ར་སྤྲོད་ལྟ་བུར་གྱུར་ཡོད།
མདོར་ན་ཆབ་སྲིད་ཀྱི་སྣེ་མོ་བ་དག་གིས་དོལ་རྒྱལ་རྗེས་འབྲངས་པའི་སྐོར་བཤད་སྐབས་ཆབ་སྲིད་ཁོ་ན་དང་འབྲེལ་བ་ཡོད་པའི་སྐོར་བཤད་ན་འོས་འཚམས་དང་ཤུགས་རྐྱེན་ཡོད་སྲིད་ལ། བཙན་བྱོལ་ནང་གི་ཐོབ་ཐང་དང་འདྲ་མཉམ། རང་དབང་བཅས་ཀྱི་སྐོར་བཤད་དགོས་ནའང་འབྲེལ་བ་ཡོད་པས་བཤད་དགོས་པ་གལ་ཆེན་པོ་རེད། དེ་བས་ཆོས་བཤད་ཀྱི་བཟོ་ལྟ་བུ་དང་དེ་དང་འབྲེལ་བའི་ལོ་རྒྱུས་ཁག་ལ་རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་ཁུལ་བྱེད་པ་དག་ནི། ཕན་ལས་གནོད་ཆེ་བ་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ངོས་འཛིན་བྱེད་སྟངས་དང་སློབ་གསོའི་རྒྱབ་ལྗོངས། སྤྱི་ཚོགས་ཀྱི་ཁེ་ཕན་ངོས་འཛིན་བྱེད་སྟངས་བཅས་མི་འདྲ་བས་མཐའ་གཅིག་ཏུ་འདི་ནོར་འདུག་སྙམ་པ་དེ་ནོར་བ་ཡིན་པའི་ངེས་པ་མེད་ཀྱང། བོད་ཀྱི་ཆབ་སྲིད་ཀྱི་སྣེ་མོ་བ་ཞིག་ཡིན་ཕྱིན་ཆད་ཆོས་ཕྱོགས་ཀྱི་སློབ་སྦྱོང་མེད་ཀྱང་ཡོད་མདོག་སྟོན་དགོས་པ་ཞིག་མིན་པར། གཙོ་ཆེ་ཤོས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་སྐོར་དེ་ཡག་པོ་ཤེས་ཀྱི་ཡོད་ན་འགྲིག་པ་རེད། ད་བར་བོད་པས་ཆོས་མ་ཤེས་ནས་བོད་རང་བཙན་ཤོར་སོང་བ་གཏན་ནས་མ་རེད།།