རེ་བ་བཟང་ས་ནས་བརྒྱབ་མེད།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༧ ཆེད་བརྗོད།) རྒྱ་དམར་དྲག་པོའི་གཞུང་གིས་བོད་ཡོངས་རྫོགས་ཧམ་བཟུང་བྱས་ཏེ་མི་ལོ་ཧྲིལ་པོ་༦༥ ལྷག་སོང་ཟིན་པ་དང་། བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་བཤད་ནའང་། བོད་རང་དབང་རང་བཙན་སླར་གསོ་དང་འབྲེལ་བའི་གོ་སྐབས་མང་པོ་ཡོད་པ་བཞིན། བཙན་བྱོལ་བོད་པའི་ངོས་ནས་འབད་བརྩོན་དང་སེམས་ཤུགས་གང་ཡང་མེད་པས། བོད་དོན་འཐབ་རྩོད་ནི་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་སེམས་ནང་དུ་གནས་སྐབས་འཁྲབ་སྟོན་བྱེད་པའི་འབག་མགོ་ཙམ་ལས་གསོན་ཤུགས་དང་ལྡན་པ་ཞིག་ཏུ་བརྩིས་མེད། ད་ལྟ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར། བོད་དོན་དང་འབྲེལ་བའི་ཐོག་ནས་གནོན་ཤུགས་ཆེན་པོ་སྤྲོད་པའི་ཁོར་ཡུག་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། བོད་པའི་ངོས་ནས་རྒྱ་དམར་གཞུང་ལ་ཁ་གཏད་གདོང་ལེན་གྱི་སེམས་ཤུགས་དང་གྲ་སྒྲིག་ཡོད་ན། དེ་མཚུངས་བཞིན་རྒྱབ་སྐྱོར་བྱེད་ངེས་ཀྱང་བཙན་བྱོལ་བོད་གཞུང་ལ་རེ་བ་གྲ་སྒྲིག་གང་ཡང་མེད། ཐའེ་ཝན་ལ་རྒྱ་དམར་གཞུང་གིས་གནོན་ཤུགས་དང་འཇིགས་སྐུལ་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ལ་བརྟེན། འདས་པའི་ལོ་ཤས་རིང་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ལ་ཁ་གཏད་གདོང་ལེན་མང་པོ་བྱས་ཡོད་པ་དང་། ཉེ་ཆར་ཨ་རིའི་སྲིད་གཞུང་གིས་ཐའེ་ཝན་འགོག་སྲུང་ཆེད་ཨ་སྒོར་ས་ཡ་༥༦༧...