རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་ཁྲིམས་བསྐྱར་བཅོས།
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཏི་ཅང་གིས་རེས་གཟའ་ཉི་མའི་ཉིན།འདས་པའི་ལོ་༢༥ རིང་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཁྲིམས་ལུགས་བསྐྱར་བཅོས་ཐོག་མ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཏི་ཅང་གིས་རེས་གཟའ་ཉི་མའི་ཉིན། འདས་པའི་ལོ་༢༥ རིང་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཁྲིམས་ལུགས་བསྐྱར་བཅོས་ཐོག་མ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
ཀྲང་ཏི་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གི་ལས་དོན་སྙན་སྒྲོན་སྐབས། རྒྱུན་ལས་ལྷན་ཚོགས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། འབྲེལ་ཡོད་ཀྱི་བསམ་འཆར་ལ་ཉན་འཇོག་ཆ་ཚང་བྱས་པའི་རྨང་གཞིའི་འོག སྔ་རྗེས་སུ་དཔྱད་ཞིབ་ཐེངས་བཞིའི་ལམ་ནས་ཁོར་ཡུག་སྲུང་སྐྱོབ་ཁྲིམས་ལུགས་ལ་ཁྱོན་ཡོངས་ཀྱི་བསྐྱར་བཅོས་བྱ་རྒྱུ་ཡིན། ཁོར་ཡུག་སྲུང་སྐྱོབ་ཁྲིམས་ནི་ཁོར་ཡུག་མངའ་ཁོངས་ཀྱི་རྨང་གཞི་རང་བཞིན་དང་། ཕྱོགས་འདུས་རང་བཞིན་་གྱི་ཁྲིམས་ལུགས་ཤིག་རེད་ཅེས་དང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། “ཐེངས་འདིའི་བསྐྱར་བཅོས་ཀྱིས་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་དང་མངོན་གསལ་རང་བཞིན་ཅན་གྱི་གནད་དོན་ལ་ཆེད་དུ་དམིགས་ཏེ། གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་གི་ལྟ་སྐྱོང་དོ་དོམ་གྱི་འགན་ཁུར་གསལ་བཟོ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོག་ཤིང་ལེགས་བཅོས། སྦགས་བཙོག་སྤྱི་ཚད་ལ་སྟངས་འཛིན། སྲིད་འཛིན་མངའ་ཁོངས་ལས་བརྒལ་བའི་མཉམ་འབྲེལ་སྔོན་འགོག་ལམ་ལུགས། སྦགས་བཙོག་སྔོན་འགོག་གི་ཆེད་ལས་ལས་འགན་ཆེ་རུ་གཏོང་བ། ཁོར་ཡུག་གི་བརྡ་འཕྲིན་ཕྱི་གསལ་ནང་གསལ། མང་ཚོགས་མཉམ་ཞུགས་དང་མཉམ་རུབ་ཞུ་གཏུགས་ལམ་ལུགས། ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་རྩད་གཅོད་དང་ཉེས་ཆད་ཤུགས་ཚད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱ་ནག་གི་ཁོར་ཡུག་ཁྲིམས་ལུགས་ཀྱི་གཏན་འབེབས་ནང་། རྫོང་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལོ་རེར་ས་ཁུལ་དེའི་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ལྷན་ཚོགས་ལ་ཁོར་ཡུག་གི་གནས་སྟངས་སྙན་ཞུ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གནས་ཚུལ་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་མ་འཚོགས་པའི་སྔོན། རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་བ་ཟུར་པ་ལྕམ་ཁྲེ་ཅིན་སྒེར་གྱིས་འགྲོ་གྲོན་བཏང་སྟེ་བརྙན་དུ་ཕབ་པའི་དངོས་བྱུང་གློག་བརྙན་<<གུར་ཁང་གི་འོག་>> ཞེས་པའི་ནང་། རྒྱ་ནག་གི་མཁའ་རླུང་སྦག་བཙོག་གནད་དོན་ལ་དཔྱད་ཞིབ་ཡག་པོ་བྱས་ཡོད་པ་དང་། རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུའང་ཁོར་ཡུག་སྐོར་གྱི་གློག་བརྙན་དེའི་སྐོར་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་མ་ཟད། གསར་ཏུ་བསྐོ་བཞག་བྱས་པའི་རྒྱ་ནག་ཁོར་ཡུག་ལས་ཁུངས་ཀྱི་འགན་འཛིན་ཁྲན་ཅི་ནིན་གྱིས་ཟླ་འདིའི་ཕྱི་ཚེས་༡ ཉིན། ཁོང་གིས་གློག་བརྙན་དེར་ཡག་པོ་བལྟས་པ་ཡིན་ལ། མོ་(ཁྲེ་ཅིན) ལ་འཕྲིན་ཐུང་བསྐུར་ཏེ་མང་ཚོགས་ཀྱིས་ཁོར་ཡུག་གནད་དོན་ལ་དོ་སྣང་ཡོང་བར་སྐུལ་སློང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་དང་། ཁྲེ་ཅིན་གྱིས་སྤེལ་བའི་གནས་ཚུལ་ནང་། ཧུར་པོ་དང་སེམས་བཟང་གི་རྣམ་འགྱུར་ཐོག་ནས་བྱ་སྤྱོད་དེའི་རིགས་སྐུལ་སློང་བྱས་འདུག་པ་དང་། གདོང་དང་གདོང་ཐུག་སྟེ་འབྲེལ་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བས། གཟབ་ནན་གྱིས་བརྒྱུད་ལམ་ཁག་གི་བསམ་ཚུལ་ལ་ཉན་འཇོག་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཡིན་ནའང་དངོས་བྱུང་གློག་བརྙན་དེ་དྲ་ལམ་ཁག་ཏུ་བདུན་ཕྲག་གཅིག་རིང་ཁྱབ་སྤེལ་ཤུགས་ཆེན་བྱུང་པའི་རྗེས། རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱིས་བཀའ་བཏང་སྟེ་ནག་བསུབ་བཏང་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱིས་བརྗོད་པ་ལྟར་ན། ཁོར་ཡུག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁྱབ་སྤེལ་ཤུགས་ཆེན་བྱུང་པའི་རྒྱབ་ཀྱི་འགོ་མཇུག་བར་གསུམ་དུ་རྒྱ་ནག་སྲིད་གཞུང་གི་སྡེ་ཁག་སོ་སོའི་གསང་བའི་གཟུགས་བརྙན་ཡོད་པ་དང་། ཡང་ཁ་ཤས་ཀྱིས་དངོས་བྱུང་གློག་བརྙན་དེ་ནི་རྒྱ་ནག་ནང་དབང་ཤུགས་ཧ་ཅང་ཞན་པའི་ཁོར་ཡུག་ལས་ཁུངས་ཀྱིས་ཚོགས་ཆེན་གཉིས་མ་འཚོགས་པའི་སྔོན་དབང་ཐོབ་སླར་གསོའི་སླད་གླེང་གཞི་བཟོས་པ་ཞིག་ཡིན་པའི་འགྲེལ་བརྗོད་ཀྱང་བྱས་འདུག
རྒྱ་ནག་གི་དཔལ་འབྱོར་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་པ་དང་དུས་མཚུངས། ཁོར་ཡུག་སྦག་བཙོག་གི་གནད་དོན་ཀྱང་ཚབས་ཆེ་རུ་སོང་སྟེ། མཁའ་དབུགས་སྦག་བཙོག་ནི་གྲོང་ཁྱེར་མང་པོར་འཕྲད་པའི་ཁོར་ཡུག་གི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གི་ས་ཁུལ་སོ་སོའི་སྲིད་གཞུང་གིས་ནུས་པ་ཆུང་བའི་རྡོ་སོལ་བཟོ་གྲྭ་དང་། ཁྲིམས་འགལ་གྱི་ཚོང་ལས་སྒྲིགས་འཛུགས་ཁག དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་རྡོ་སོལ་གཏེར་ལས་མཚམས་འཇོག་དགོས་པའི་རེ་འདུན་ཡང་ནས་ཡང་དུ་ཞུས་ཡོད་ཀྱང་། དོན་དངོས་སུ་གནས་སྟངས་ཇེ་སྡུག་ནས་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།