འོས་བསྡུའི་འབོད་ཚིག་དང་ལག་བསྟར།
འོས་བསྡུའི་འགྲན་རྩོད་སྐབས་གསར་འབྱོར་ལ་ལྟ་སྐྱོང་བྱེད་ཀྱི་ཡིན་ཟེར་བའི་འབོད་ཚིག་མཚམས་འཇོག་གནང་རོགས།
འོས་བསྡུའི་འགྲན་རྩོད་སྐབས་གསར་འབྱོར་ལ་ལྟ་སྐྱོང་བྱེད་ཀྱི་ཡིན་ཟེར་བའི་འབོད་ཚིག་མཚམས་འཇོག་གནང་རོགས།
ཆོས་ཉིད་འོད་ཟེར།
༢༠༡༤ ལོའི་ཕྱི་ཟླ་༩ ཚེས་༡ ཉིན་དྷ་ས་མེག་གྷན་གྱི་ཐང་ཁྲོམ་སྟོན་མཁན་ཁག་ཅིག་རྒྱ་གར་སྐོར་སྲུང་བས་བསྐྱར་དུ་ཕུད་སོང་ལ། འདི་ནི་གནས་ཚུལ་གསར་པ་ཞིག་མ་ཡིན་པར། བོད་གཞུང་དང་། རྒྱ་གར་ས་གནས་གཞུང་ལ་དཀའ་ངལ་དེ་སེལ་ཐབས་གནང་རོགས་ཞེས་འབོད་སྐུལ་སྐྱབས་འཇུག་ཞུས་ནས་ལོ་རབས་མང་པོ་འགོར་སོང་། སྔོན་མར་བོད་ཀྱི་གྲོས་ཚོགས་ནང་དྷ་སའི་གསར་འབྱོར་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ་སེལ་ཡོད་ཅེས་བཤད་བཞིན་པའི་སྐབས་དེ་རང་ལ། རྒྱ་གར་སྐོར་སྲུང་བས་ཐང་ཁྲོམ་སྟོན་མཁན་ཚོ་ཕྱིར་ཕུད་གཏོང་བཞིན་པའི་གནས་ཚུལ་བྱུང་ཡོད། དངོས་གནས་རྐུབ་སྟེགས་ཐོག་ནས་མི་མང་དཀྱུས་མའི་དཀའ་ངལ་འདི་མཐོང་རྒྱུ་ཧ་ཅང་ཁག་པོ་རེད། ཐང་ཁྲོམ་སྟོན་མཁན་ཚོ་ཡང་ནས་བསྐྱར་དུ་ཁྲོམ་ས་ནས་ཕྱིར་ཕུད་བཏང་སྟེ། ཅ་ལག་འཕྲོ་བརླག་འགྲོ་བ་དང་ཉིན་མང་པོར་ཁྲོམ་སྟོན་མ་ཐུབ་པར་འཚོ་བར་དཀའ་ངལ་འཕྲད་པ་ཉུང་ཉུང་མ་རེད།
དེ་བཞིན་དྷ་ས་མ་ཡིན་པའི་བོད་མིའི་གཞིས་ཆགས་ཁག་ཏུ་བོད་ནས་གསར་དུ་འབྱོར་བ་ཚོས་སྡོད་ཁང་གླས་ཏེ། འཚོ་བ་རང་སྐྱོང་བྱེད་མཁན་ཚོ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་མིན་སྐོར་བརྗོད་དེ། རྒྱབ་གཉེར་ཡིག་ཆ་ཙམ་ཡང་མ་རག་པའི་དཀའ་ངལ་ཡོད་པ་ཧ་ཅང་མང་པོ་རེད། དེས་ན་ཁོང་ཚོ་སུ་ཞིག་གི་ཁྱབ་ཁོངས་རེད། དངོས་གནས་རྒྱབ་རྟེན་ས་ཞིག་མེད་པ་རེད། ས་གནས་སུ་དཔོན་རིགས་ཚོས་གཟིགས་སྐོར་སྐབས་ཀྱང་། གཞིས་ཆགས་ཁག་གི་ཉེ་འཁྲིས་ཀྱི་གསར་འབྱོར་ཚོར་གཅིག་མཚུངས་ཀྱིས་གཟིགས་ཀྱི་ཡོད་མེད་ཅི་རིགས་རེད།
ད་དུང་གཅིག་བཤད་ན། ཡུ་རོབ་སྦེལ་རྗམ་དུ་སྐྱབས་བཅོལ་ལ་སོང་བའི་བོད་མི་མང་པོ་ཞིག་ལ། ཡིག་ཆ་མ་རག་པར་རྒྱལ་ཁོངས་དེའི་ནང་འཚོ་སྡོད་ཐུབ་ཐབས་མེད་པ་དང་། རྒྱལ་ཁབ་གཞན་ལ་འགྲོ་མ་ཐུབ་པའི་དཀའ་ངལ་ཆགས་བཞིན་ཡོད་ལ། མང་ཆེ་བ་བོད་ནས་ཡོང་བ་ཡིན་ཚོད་འདུག འདི་ཡང་མི་གཅིག་གཉིས་ཀྱི་དཀའ་ངལ་མ་ཡིན་པས། གཞུང་འབྲེལ་གྱིས་རོགས་སྐྱོར་ཞིག་བྱེད་དགོས་ངེས་ཀྱང་། ད་ལྟའི་བར་གང་ཡང་མ་བྱས་པ་མ་ཟད། ཐུགས་སྣང་ཙམ་ཡང་གནང་གི་ཨེ་ཡོད་སྙམ་པའི་དོགས་གནས་སུ་གྱུར་འདུག
དེ་བཞིན་ས་གནས་ཁུག་ཀྱོག་གི་གཞིས་ཆགས་དང་འཚོ་བ་སྐྱོ་པོ་ཡིན་མཁན་ཚོར་ཡང་གཟིགས་རྟོགས་དེ་ཙམ་ཐུབ་ཀྱི་མེད་ཚོད་འདུག
སྤྱིར་བོད་མི་སྐྱབས་བཅོལ་བར་དཀའ་ངལ་ཡོད་པ་བཤད་མ་དགོས་ཀྱང་། བོད་ནས་གསར་དུ་སླེབས་པ་ཚོའི་དམིགས་བསལ་དཀའ་ངལ་ལ་དངོས་ཡོད་གནས་ཚུལ་ཐོག་ནས་ལྟ་རྟོག་གང་ཡང་ཐུབ་ཀྱི་མེད་པ་གསལ་པོ་རེད་དམ། དེ་འདྲ་ཡིན་ན་གཞུང་གི་མཛད་གཙོ་རྣམ་པར་སྐྱོན་འཛུགས་བྱས་པ་མིན་ལ། བྱེད་འདོད་ཀྱང་མེད། འོན་ཀྱང་འོས་ཤོག་གི་འགྲན་རྩོད་འགྲོ་བཞིན་པའི་སྐབས་སུ་གསར་འབྱོར་གྱི་དཀའ་ངལ་ལ་དམིགས་བསལ་ལྟ་རྟོག་བྱེད་ཀྱི་ཡིན་ཞེས་འབོད་ཚིག་མཚམས་བཞག་ན་ལེགས་པར་སྙམ། བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་། ས་གནས་འགོ་འཛིན་གྱི་འོས་བསྡུ་ལ་སོགས་པའི་སྐབས། གསར་འབྱོར་ལ་ལྟ་རྟོག་བྱེད་ཀྱི་ཡིན་ཞེས་པའི་འབོད་ཚིག་དེ་ཧ་ཅང་སྐད་གསང་མཐོན་པོ་ཡིན་པས། ལག་བསྟར་ཅུང་བྱེད་ཀྱི་རེད་བསམ་གྱི་ཡོད་པ་རེད། གཞུང་གིས་ལྟ་རྟོག་མ་ཐུབ་པ་ཁག་ཡོད་ཀྱི་མ་རེད། སྐྱབས་བཅོལ་བའི་སྒྲིག་འཛུགས་རེད། ཡིན་ཡང་དམིགས་བསལ་ལྟ་རྟོག་བྱེད་ཀྱི་ཡིན་ཟེར་བ་སྙན་པོ་མི་འདུག །
༢༠༡༤།༩།༢ བོད་ཀྱི་མང་གཙོའི་དུས་དྲན་ཉིན་བྲིས།