མའོ་ཙེ་ཏུང་དང་ཕ་བུ་ལྟར་གྱི་གྲོགས་པོ་ཆགས་མྱོང་མཁན་ཕལ་ཆེར་ངོས་རང་མ་གཏོགས་ཁྱེད་རང་ཚོའི་ནང་མེད།

ཕྱི་ཟླ་༨ ཚེས་༢༦ ནས་ཉིན་གཉིས་བོད་མིའི་སྒྲིག་འཛུགས་ཀྱིས་འཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་ལི་སི་ (HAMBURG HOTEL GRAND ELYSEE) མགྲོན་ཁང་དུ། “ཐུན་མོང་གི་གཞི་རྟེན་འཚོལ་བ་”ཞེས་པའི་བོད་རྒྱའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་པ་དང་། དེར་༸གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད།

ཕྱི་ཟླ་༨ ཚེས་༢༦ ནས་ཉིན་གཉིས་བོད་མིའི་སྒྲིག་འཛུགས་ཀྱིས་འཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཨི་ལི་སི་ (HAMBURG HOTEL GRAND ELYSEE) མགྲོན་ཁང་དུ། “ཐུན་མོང་གི་གཞི་རྟེན་འཚོལ་བ་”ཞེས་པའི་བོད་རྒྱའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་པ་དང་། དེར་༸གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུ་དེར་ཡུ་རོབ་དང་། ཨ་རི། ཨེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་ཚོགས་ཞུགས་བྱས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིང་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་སོགས་ཕེབས་ཡོད་པ་རེད།

tibet.net
tibet.net

ཚོགས་ཞུགས་པ་བསྡོམས་པའི་༧༠ ཙམ་ཡོད་པ་དང་། ཟླ་འདིའི་ཚེས་༢༧ ཉིན་༧གོང་ས་མཆོག་གིས་རྒྱ་བོད་མི་རིགས་བར་འབྲེལ་བ་དགོས་སྐོར་གྱི་བཀའ་སློབ་གནང་དོན། དེ་རིང་རྒྱ་རིགས་གྲོགས་པོ་ཚོ་ཉིན་འགའ་ཤས་སྔོན་ནས་ཡོང་བ་ཁྱེད་རང་ཚོ་དང་ཐུག་ རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ངོས་ཀྱིས་ས་གནས་འདྲ་མིན་ནང་གནས་སྡོད་བོད་མི་ཚོར་ཡིན་གཅིག་མིན་གཅིག་རྒྱ་རིགས་དང་གྲོགས་པོ་འགྲིག་དགོས་པ་མ་ཟད། རྒྱ་རིགས་ཚོ་ཐུག་སྟེ་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། ངོས་རང་དེ་སྔ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྐྱོད་དེ་མའོ་ཙེ་ཏུང་དང་ཐུག་ནས་ལག་པ་བཏང་སྟེ། ཕ་བུ་ལྟར་གྱི་གྲོགས་པོ་ཆགས་མྱོང་མཁན་ཕལ་ཆེར་ངོས་རང་མ་གཏོགས་ཁྱེད་རང་ཚོའི་ནང་མེད། དངོས་ཡོད་གནས་ཚུལ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་ལྟ་བུའི་རྒྱལ་ཁབ་དེར་དཔལ་འབྱོར་ཐོག་ནས་ནུས་པ་ཆེན་པོ་ཡོད་སྟབས། འཛམ་གླིང་འདིའི་ཐོག་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ནུས་པ་ཡོད། གང་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་པའི་ནུས་པ་དེ་འདོན་ཐུབ་པ་ཞིག་བྱུང་ན། དྲག་པོའི་གོ་ལག་ཐོག་ནས་ནུས་པ་འདོན་རྒྱུ་ཞིག་རྩ་བ་ནས་མ་རེད། རྒྱ་ནག་ནི་རིག་གཞུང་དང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དཔལ་འབྱོར་གྱི་ནུས་པ་ཡོད་པར་བརྟེན་ཡག་པོ་ཞིག་བསྐྱོད་ཐུབ་ན། ཏན་ཏན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་གི་རེད་བསམས་པ་དྲན་གྱི་འདུག དེ་བཞིན་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ ཐོབ་ཐང་ཡོད། དངོས་ཡོད་གནས་ཚུལ་ཤེས་ན། བཟང་ངན་རྣམ་པར་འབྱེད་རྒྱུའི་རྣམ་དཔྱོད་ལྡན་ཡོད། དེར་བརྟེན་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་གསར་འགྱུར་ཐོག་དམ་དྲག་བྱེད་རྒྱུ་དེ་རྩ་བ་ནས་ཡག་པོ་མ་རེད། དེས་ཕན་རྒྱུའི་ཚབ་ལ་གནོད་ཀྱི་རེད་ཅེས་ཤོད་ཀྱི་ཡོད། གལ་ཆེ་ཤོས་ཤིག་ལ་རྒྱ་ནག་གི་ཁྲིམས་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་སྟངས་ལྟར་ཡོང་ཐུབ་པ་བྱེད་དགོས། སྤྱིར་བཏང་ཁྲིམས་མཐུན་དགོས་ཀྱི་རེད་ཅེས་དེང་སྐབས་གང་ཙམ་བགྲོ་གླེང་ཡོང་གི་འདུག མདོར་ན། རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།

དེ་ནས་རྒྱ་རིགས་ཚོགས་བཅར་བ་ཁག་གཅིག་གིས་མང་གཙོ་དང་ཚོང་འབྲེལ། ༸གོང་ས་ མཆོག་རྒྱ་ནག་ཏུ་ཕེབས་འདོད་ཡོད་མེད་སོགས་ཀྱི་དྲི་བ་ཕུལ་བར། ༧མགོན་པོ་གང་ཉིད་ཀྱིས་བཀའ་ལན་སྩལ་དོན། སྔོན་མ་རྒྱ་ནག་ལ་ཚོང་འབྲེལ་གྱི་དམིགས་བསལ་ཐོབ་ཐང་སྐོར་ལ་གོ་བསྡུར་ཝ་ཤིང་ཊོན་དུ་བྱེད་སྐབས་ངོས་རང་དེ་ཁུལ་ལ་བསླེབས་ཡོད། དེ་དུས་ངོས་ལ་བསམ་ཚུལ་གང་ཡོད་དམ་ཞེས་འདྲི་མཁན་བྱུང། ངོས་ཀྱིས་ཐོབ་ཐང་དེ་ངེས་པར་དུ་རྒྱ་ནག་ལ་སྤྲོད་དགོས། གང་ལགས་ཞེ་ན། རྒྱ་ནག་ནི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། དེ་བཞིན་ཨོ་ལེམ་པིཀ་རྩེད་འགྲན་སྐབས་ངོས་རང་ལ་སྐད་ཆ་འདྲི་མཁན་བྱུང། དེ་ཡང་རྒྱ་ནག་ལ་འོས་པ་དང། ངེས་པར་དུ་རྒྱ་ནག་ནང་ཚོགས་དགོས་པ་རེད། དེ་བཞིན་རྒྱ་ནག་ལ་དཔལ་འབྱོར་གྱི་ཐོབ་ཐང་ཡང་ངེས་པར་དགོས་ཀྱི་རེད་ཅེས་བརྗོད་པ་དང་ལྷན་འཛམ་གླིང་འདིའི་ནང་གནས་པའི་རང་དབང་མང་གཙོའི་རྒྱལ་ཁབ་ཚོར་འགན་འཁྲི་གང་ཞིག་ཡོད་དམ་ཞེ་ན། རྒྱ་ནག་ལ་མང་གཙོ་དགོས་རྒྱུ་དེ་རེད་ཅེས་བརྗོད་པ་ཡིན། ཕྱོགས་མཚུངས་ཁྱེད་རང་ཚོས་ངོས་རང་རྒྱ་ནག་ཏུ་བསླེབ་ཐུབ་རྒྱུའི་སྐོར་ལ་བརྗོད་སོང། ངོས་རང་ནང་པ་ཞིག་རེད། རྒྱ་ནག་རི་བོ་རྩེ་ལྔ་ང་ཚོས་ནང་པའི་གནས་རྩ་ཆེན་ཞིག་ལ་རྩི་བཞིན་ཡོད། དེ་གར་གནས་སྐོར་ལ་བསྐྱོད་རྒྱུར་ཕྱི་ལོ་ ༡༩༥༤ ངོས་ཀྱིས་རེ་འདུན་བཏོན་ཡོད་ཀྱང་དོན་འབྲས་མ་སོན་པ་རེད། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་རིག་གཞུང་ནང་དུ་ནང་ཆོས་གལ་ཆེ་ཡིན་སྐོར་ཡོངས་གྲགས་གསུང་གི་འདུག དེ་ལྟ་བུའི་གོ་སྐབས་ཤིག་ཡོད་ན། ངོས་རང་ནང་པ་ཞིག་གི་ངོས་ནས་རིམ་པ་དང་པོ་རྒྱ་ནག་ནང་གི་ནང་པ་ས་ཡ་སུམ་བརྒྱ་བཞི་བརྒྱ་ཡོད་པ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་ཞབས་འདེགས་བསྒྲུབ་ཐུབ་ན་བསམས་པ་དྲན་བཞིན་ཡོད། ནང་ཆོས་ཐོག་འགྲེལ་བཤད་རྒྱག་དགོས་བྱུང་ན་ངོས་རང་ལ་གང་ཙམ་ཡོད། སྤྱིར་བཏང་རྒྱ་ནག་གཞུང་གིས་ངོས་རང་བདུད་རེད་ཅེས་བརྗོད་ཀྱི་ཡོད་པར་བརྟེན་བདུད་ཚོད་ཚོད་རྒྱ་ནག་ལ་ཕྱིན་ན། བདུད་ཀྱི་ཕོ་བྲང་བཙོན་ཁང་རེད། དེར་བརྟེན་བཙོན་ཁང་ནང་འགྲོ་རྒྱུའི་ཉེན་ཁ་ཡོད་ཅེས་ཞལ་ཤོབ་དང་འབྲེལ་བཀའ་ལན་བསྩལ་ཡོད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།