༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་ལས་རིམ་༢༥ ཡོད་འདུག
ཟླ་འདི་ཚེས་༢༣ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྲ་སྒྲིག་ཚོགས་ཆུང་གི་ངོས་ནས་གསལ་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། ༢༠༡༤ ལོ་འདི་རྣམ་པ་འདྲ་མིན་གྱི་སྒོ་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྐོར་གསུངས་སོང་།
ཟླ་འདི་ཚེས་༢༣ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྲ་སྒྲིག་ཚོགས་ཆུང་གི་ངོས་ནས་གསལ་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། ༢༠༡༤ ལོ་འདི་རྣམ་པ་འདྲ་མིན་གྱི་སྒོ་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྐོར་གསུངས་སོང་།
ཚོགས་ཆུང་དེའི་ཚོགས་གཙོ་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་དང་། ཚོགས་གཙོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་། ཚོགས་མི་ཆོས་རིག་དྲུང་འཕར་བསྟན་འཛིན་ལུང་རྟོགས། ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན། འཕྲོད་བསྟེན་དྲུང་གཞོན་འཕྲིན་ལས་དཔལ་མོ་བཅས་ཡིན་པ་རེད།
༢༠༡༤ ལོ་འདི་དམིགས་བསལ་གྱིས་བཀའ་དྲིན་རྗེས་ཀྱི་ལོར་སྲུང་བརྩི་དགོས་དོན་ནི། ༧གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་། བྱམས་བརྩེ། མང་གཙོ། ཞི་བདེ་སོགས་དགོས་སྐོར་གྱི་ལམ་སྟོན་གནང་བ་ཁག་ལག་བསྟར་ཡོང་ཐབས་དང་། ༧གོང་ས་སྐུ་ཕྲེང་༡༤ པ་དང་༢༠༡༤ འདི་ལོ་ཚིགས་ཀྱི་ཆ་ནས་འདྲ་མཚུངས་ཡོད་པ། ཁོང་ཕྱི་ལུགས་ཀྱི་དགུང་གྲངས་༧༩ དང་བོད་ལུགས་ལྟར་དགུང་གྲངས་༨༠ བཞེས་ཀྱི་ཡོད་པས། བོད་པའི་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར། བརྒྱད་ཅུའི་གྱ་སྟོན་མཚོན་ཆེད། དེ་བཞིན་༧གོང་ས་མཆོག་གི་མཛད་འཕྲིན་ཁག་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་ཡོང་ཐབས། བོད་མི་རྣམས་ཀྱིས་བཀའ་དྲིན་ངོས་ཟིན་པ་དང་མ་འོངས་པའི་རིམ་རབས་ལ་ངོ་སྤྲོད་ཡོང་ཆེད་སོགས་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ལོར་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུར་ཐག་གཅོད་གནང་སྟེ། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་ནང་ཐོག་མར་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་། དེ་རྗེས་གྲོས་ཚོགས་ནང་དུའང་གསལ་བསྒྲགས་སྤེལ་ཡོད་པ་རེད།
དུས་དྲན་སྲུང་བརྩི་ཞུ་ཕྱོགས་སྐོར་ལ་ལས་རིམ་༢༥ ཡོད་པ་དང་། ཆོས་རིག་ལས་ཁུངས་ཀྱི་འོག་ལ་ལས་རིམ་ལྔ་དང་། ནང་སྲིད་ལས་ཁུངས་ལ་ལས་རིམ་གཉིས། ཤེས་རིག་ལས་ཁུངས་ལ་ལས་རིམ་བཞི། ཕྱི་དྲིལ་ལས་ཁུངས་ལ་ལས་རིམ་ལྔ། འཕྲོད་བསྟེན་ལས་ཁུངས་ལ་ལས་རིམ་གཅིག གོ་སྒྲིགས་ཚོགས་ཆུང་ལ་ལས་རིམ་བརྒྱད་བཅས་ཡོད་པ་རེད།
ལས་རིམ་གཉིས་སྔོན་སོང་ཟིན་པ་དང་པོ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་༢༥ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་ཐོག་སྲུང་བརྩི་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་པར་བརྟེན་བཀའ་དྲིན་རྗེས་དྲན་ཆེད་དུ་ཡིན་པ་རེད།
གཉིས་པ། ཕྱི་ཟླ་ ༥ ཚེས་ ༧ ཉིན་ནོར་ཝེ་རྒྱལ་ཁབ་ཨོ་སི་ལོར་ནོ་སྦེལ་བསྟི་གནས་ཁང་དུ་དེ་སྔའི་ནོ་སྦེལ་ཞི་བའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ཁག་ལྔ་དང་ལྷན་༸གོང་ས་མཆོག་དང་གསོལ་སྟོན་ཚོགས་འདུའི་མཛད་རིམ་བསྐྱངས་ཡོད་པ་རེད།
འདི་ལོར་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༩ ཕེབས་ཀྱི་ཡོད་པར་བརྟེན་དབུས་ས་གཉིས་སུ་སྔར་ལྷག་སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུ་དང་། ༸གོང་ས་མཆོག་གིས་བོད་མི་ཚོར་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབས་ཐོག་འགྲོ་ཐུབ་ཆེད་མང་གཙོ་གསོལ་རས་བསྕལ་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢ མང་གཙོ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་པ་རེད།
དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ཏེ་གྷན་རྡིའི་འཁྲུངས་སྐར་ཉིན་བཞུགས་སྒར་དྷ་ས་དང་། ལྡི་ལི་ས་གནས་སུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱལ་སྤྱིའི་མི་སྣ་ཁག་གཅིག་གདན་འདྲེན་ཞུས་ཏེ་ལས་རིམ་སྤེལ་རྒྱུ་ཡིན་པདང་། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ ༢༥ འཁོར་གྱི་ཡོད་སྟབས། དྷ་སའི་གཙོས་བོད་མི་གནས་སྡོད་ས་གནས་ཁག་ཚང་མར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་ཡིན་པ་རེད།
ལས་ཁུངས་ཁག་ལྔ་ལ་ལས་འཆར་བགོས་པ་གཞིར་བཟུང་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་གཞིས་ཆགས་ཁག་དང་། ཆོས་སྡེ་ཁག སློབ་གྲྭ་ཁག་གི་ནང་ལས་འཆར་སྤེལ་རྒྱུ་ཡིན་པ་རེད།།