མི་མང་ཉིན་རེའི་ཚགས་པར་སྟེང་འགོ་ཁྲིད་རྒན་པར་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ།
རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་སྟེང་རྩོམ་ཡིག་སྤེལ་ཏེ། རྒན་ཡོལ་བྱས་ཟིན་པའི་དཔོན་རིགས་ཀྱིས་སྲིད་དབང་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དཔྱད་བརྗོད་པ་མང་པོས་རྩོམ་ཡིག་དེའི་དམིགས་ས་གཙོ་བོ་ཅང་ཙེ་མིན་ཡིན་སྐོར་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་སྟེང་རྩོམ་ཡིག་སྤེལ་ཏེ། རྒན་ཡོལ་བྱས་ཟིན་པའི་དཔོན་རིགས་ཀྱིས་སྲིད་དབང་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དཔྱད་བརྗོད་པ་མང་པོས་རྩོམ་ཡིག་དེའི་དམིགས་ས་གཙོ་བོ་ཅང་ཙེ་མིན་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་མི་མང་ཉིན་རེའི་ཚགས་པར་སྟེང་འགོ་བརྗོད་ལ་“རིགས་པའི་ལམ་ནས་མི་སོང་རྗེས་ཇ་འཁྱག་པའི་དཔེ་ལ་ལྟ་བ”ཞེས་པའི་རྩོམ་ཡིག་སྤེལ་ཡོད་པ་དང་། རྩོམ་ཡིག་ནང་འགོ་ཁྲིད་ལས་བྱེད་འགས་ལས་ཐོག་སྐབས་རང་ཉིད་ཀྱི་དགའ་ཉེ་སྤུན་གྲོགས་ཡར་འཐེན་ཏེ། མ་འོངས་པར་རང་ཉིད་ལ་ནུས་པ་འདོན་ཐུབ་པའི་ཆེད་དུ་ཆ་རྐྱེན་བསྐྲུན་བཞིན་པ་མ་ཟད། ལས་འཁྱུར་ངལ་གསོ་བྱས་ཏེ་ལོ་མང་སོང་པའི་རྗེས། ད་དུང་ཡང་སྔོན་གྱི་ལས་ཁུངས་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐོག་ལག་པ་གློད་འདོད་མེེད།”
སྲིད་འཛིན་ཞི་ཅིན་ཕིང་གིས་སྤེལ་བའི་རུལ་རྒོལ་གྱི་ལས་འགུལ་ཆེན་མོའི་ཁྲོད། རྒྱ་ནག་དམར་ཤོག་གི་མཐོ་རིམ་དཔོན་རིགས་ཁྱུ་གཅིག་བཙོན་དུ་བཅུག་ཟིན་པ་དང་། དེའི་ཁྲོད་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་དམར་ཤོག་དྲུང་ཆེ་ཀྲུའུ་ཡོང་ཁང་ཡང་ཚུད་ཡོད་ལ། འདི་ལོའི་ཕྱི་ཟླ་༦ པའི་ནང་ཀྲུའུ་ཡོང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། གནད་དོན་དབྱེ་ཞིབ་པ་མང་པོས་ངོས་འཛིན་བྱས་པ་ལྟར་ན། ཀྲུའུ་ཡོང་ཁང་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མིན་གྱི་ཕྱོགས་གཏོགས་ཡིན་པ་དང་། ཅང་ཙེ་མིན་གྱིས་ཕྱི་ལོ་༡༩༨༩ ལོར་སྲིད་དབང་བཟུང་སྟེ། ཕྱི་ལོ་༢༠༠༢ ལོར་ལས་འཁྱུར་ངལ་གསོ་བྱས། ཡིན་ནའང་དེའི་རྗེས་སུ་ཧུ་ཅིང་ཐའོ་ཡིས་སྲིད་སྐྱོང་བའི་ལོ་བཅུའི་རིང་། ཅང་ཙེ་མིན་གྱིས་སྔར་བཞིན་སྲིད་དབང་ལ་ཐེ་བྱུས་བྱས་ཡོད་འདུག
མི་མང་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག་དེས་མི་རྣམས་ལ་ཚོད་དཔག་སྣ་ཚོགས་ཤིག་བྱེད་བཅུག་ཡོད། དཔྱད་བརྗོད་པ་འགས་དེ་ནི་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་འཐབ་རྩོད་དེ་ཕྱི་གསལ་ནང་གསལ་གྱི་སྐས་རིམ་ལ་སླེབས་ཡོད་པའི་རྟགས་མཚན་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་རྗེས་མའི་དམིགས་འབེན་ཅང་ཙེ་མིན་ཡིན་སྐོར་བརྗོད་འདུག
ཨ་རིའི་ཕི་རེན་སི་ཌོན་སློབ་གྲྭ་ཆེན་མོའི་རྒྱ་ནག་རིགས་པ་སྡེ་ཚན་གྱི་འགན་འཛིན་ཁྲན་ཁུན་ཏི་ཡིས་བརྗོད་དོན། ངའི་བསམ་ཚུལ་ལྟར་ན། རྟགས་མཚན་དེ་ནི་ཐེངས་སྔོན་མའི་སྐབས་ཀྱི་རུལ་རྒོལ་ཞེས་འབོད་པ་དེ་དང་། དེའི་རྗེས་སུ་སླར་ཡང་འགལ་རྐྱེན་འཕྲད་པ། ཡང་བསྐྱར་གསར་ཏུ་རུལ་རྒོལ་གྱི་ནུས་ཤུགས་ཆེ་རུ་བཏང་པ་སོགས་གཅིག་རྗེས་གཉིས་མཐུད་ཀྱི་བརྒྱུད་རིམ་དེ་རིགས་པའི་ལམ་གཅིག་གི་ཕྱོགས་སུ་བསྐྱོད་ཡོད་ལ། ད་ལྟ་སྟོབས་ཤུགས་ལྡན་པའི་དུས་སྐབས་སུ་སླེབས་ཡོད་པ་མ་ཟད། མ་འོངས་པའི་མདུང་སྣེ་གཏད་ས་གཙོ་བོ་ཙང་ཆིང་ཧོང་དང་ཡང་ན་ཅང་ཙེ་མིན་ཡིན་སྲིད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།
ཞི་ཅིན་ཕིང་ཐོག་མར་ཅང་ཙེ་མིན་དང་ཙང་ཆིང་ཧོང་གི་རྒྱབ་སྐྱོར་འོག་ཆེས་མཐོའི་གོ་གནས་ཐོག་ཡར་སླེབས་པ་ཞིག་ཡིན་སྟབས། མི་མང་ཞིག་གིས་ཞི་ཅིན་ཕིང་གིས་ཅིའི་ཕྱིར་རང་ཉིད་ཀྱི་ཕྱོགས་གཏོགས་ཀྱི་ཐོག་ཏུ་ལག་འཇོག་པ་ཡིན་མིན་ཤེས་ཀྱི་མེད། ཡིན་ནའང་ཁྲན་ཁུན་ཏི་ཡིས་བརྗོད་པ་ལྟར་ན། ཞི་ཅིན་ཕིང་གིས་ཐེངས་མང་པོར་དབང་ཆ་ཡོངས་རྫོགས་རང་ཉིད་ཀྱི་ལག་ཏུ་བཟུང་རྒྱུའི་རྣམ་འགྱུར་གསལ་སྟོན་བྱས་མྱོང་བ་མ་ཟད། ཁོང་གིས་སྲིད་དབང་བཟུང་བའི་རྗེས་ཀྱི་བྱ་སྤྱོད་ཚང་མ་ལ་བལྟས་ཡོང་ན། རང་ཉིད་ཀྱི་དབང་ཆ་སྲ་བརྟན་དང་རྒྱ་བསྐྱེད་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་ཡོད། དེའི་ཕྱིར་ཁོང་གིས་མི་སུ་གཅིག་ལའང་སྲིད་དབང་ལ་ཐེ་བྱུས་བྱ་བཅུག་འདོད་མེད་ཅིང་། ཐ་ན་རང་ཉིད་ལ་དྲིན་ཆེ་བའི་མི་ཅང་ཙེ་མིན་ལྟ་བུ་ཞིག་ཡིན་ནའང་། ཁོང་གི་སྲིད་དབང་ལ་ཐེ་བྱུས་བྱ་བཅུག་འདོད་གཏན་ནས་མེད།
ཁྲན་ཁུན་ཏི་ཡིས་མུ་མཐུད་དུ་བརྗོད་དོན། ཅང་ཙེ་མིན་གྱིས་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུའང་དབང་ཆ་གཏན་ནས་གློད་མེད་པ་མ་ཟད། ཧུ་ཅིན་ཐའོ་ཡིས་སྲིད་སྐྱོང་བའི་ལོ་བཅུའི་དུས་སྐབས་སུ། ཅང་ཙེ་མིན་གྱི་དབང་ཆ་དང་། ལྷག་པར་དུ་དམག་དཔུང་ཁྲོད་དུ་དབང་ཤུགས་གང་འཚམས་ཆེན་པོ་ཡོད་སྟབས། ཧུ་ཅིན་ཐའོ་ཡིས་དོན་དག་མང་པོ་ཞིག་གི་ཐོག་ལ་རང་ཉིད་ཀྱི་བསམ་ཚུལ་ལྟར་ཐག་གཅོད་མི་ནུས་པ་དང་། ལྷག་པར་དུ་དམག་དཔུང་ལ་བཀའ་ཁྱབ་གཏོང་བའི་ཕྱོགས་ལ། དམག་དོན་ཨུ་ཡོན་ལྷན་ཁང་གི་(ཀྲུའུ་ཞི) ཚོགས་གཙོ་ཡིན་པའི་ཧུ་ཡི་དབང་ཆ་དེ། ཀྲུའུ་ཞི་གཞོན་པ་གོ་པའོ་ཞུང་དང་ཞུའུ་ཚེ་ཧུག་གཉིས་ཀྱི་དབང་ཆ་ལས་ཀྱང་མིང་དོན་མཚུངས་པ་ཞིག་མེད།
རེས་གཟའ་ཟླ་བའི་ཉིན་མི་མང་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག་དེའི་ནང་འཁོད་དོན། “བྱ་སྤྱོད་དེའི་རིགས་ཀྱིས་འགོ་ཁྲིད་གསར་པ་རྣམས་ལ་དཀའ་ཁག་སྤྲོད་བཞིན་པ་དང་། རྐང་ལག་གློད་དེ་སྙིང་སྟོབས་ཆེན་པོས་ལས་དོན་སྒྲུབ་སྟབས་མི་བདེ་བ་མ་ཟད། ཐ་ན་སྡེ་ཚན་དང་ལས་ཁུངས་ཁ་ཤས་ཀྱི་ནང་དུ་ཕྱོགས་འཐེན་དཔུང་སྒྲིག་དང་། ཕྱི་ནང་ངན་འབྲེལ་གྱིས་མི་སེམས་ཁ་བྲལ་གཏོང་བ་སོགས་ལ་བརྟེན་ནས། རྒྱུན་ལྡན་གྱི་ལས་དོན་སྒྲུབ་པར་བར་ཆད་བཟོས་ཏེ། དམར་ཤོག་རྩ་འཛུགས་ཀྱི་ཆིག་སྒྲིལ་ནུས་པའི་འཐབ་རྩོད་ནུས་ཤུགས་ཉམས་རྨས་སུ་གཏོང་བཞིན་ཡོད།”
རྒྱ་ནག་སྤྱི་ཚོགས་ཚན་རིང་ཁང་གི་ཆབ་སྲིད་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཡེ་ཅཱ་ཆི་ཡིས་བརྗོད་དོན། རུལ་རྒོལ་ནི་མདའ་འཕངས་པ་ལྟར་ཕྱིར་ནུར་རྒྱག་ཐབས་གཏན་ནས་མེད་པ་མ་ཟད། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་རེད། ཞི་ཅིན་ཕིང་གིས་གནས་དབྱུང་བཏང་བའི་ཀྲུུའུ་ཡོང་ཁང་དང་པའོ་ཞི་ལེ། ལི་ཅིན་ཧྥ། དེའི་ཁར་ཞུའུ་ཚེ་ཧུག་བཅས་བཞི་ཡིས་ཚབ་མཚོན་པའི་འཐབ་རྩོད་དེ། ཉེ་བའི་ལོ་འདི་དག་རིང་གི་ཆབ་སྲིད་འཐབ་རྩོད་ཆེ་ཤོས་ཤིག་ཡིན་ཞིང་། དོན་དངོས་སུ་ཁོང་ཚོའི་རྒྱབ་རྟེན་གཙོ་བོ་ཅང་ཙེ་མིན་ཡིན།
ཡེ་ཅཱ་ཆི་ཡིས་མུ་མཐུད་དུ་བརྗོད་དོན། ཅང་ཙེ་མིན་གྱི་གདོང་རིས་ངོ་མ་ཡོངས་གྲགས་ཅན་ཞིག་བཟོ་ཐབས་མ་གཏོགས། ཀྲུའུ་ཡོང་ཁང་ནང་བཞིན་ཁྲིམས་ཐག་གཅོད་མི་ཐུབ་མི་སྲིད་ཀྱང་། རྒྱལ་ཡོངས་ཀྱི་མི་མང་རྣམས་ལ་ཅང་ཙེ་མིན་ནི་རྒྱལ་ཡོངས་རུལ་སུངས་ཀྱི་རྒྱབ་རྟེན་ཡིན་པ་ངོ་ཤེས་སུ་འཇུག་ཐུབ་པ་ཙམ་གྱིས། རུལ་རྒོལ་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་རེད།
“མི་སོང་རྗེས་ཇ་འཁྱག་”ཞེས་པའི་རྩོམ་ཡིག་དེ་འབྲི་མཁན་གྱི་རྩོམ་པ་པོ་ནི་གུ་པོ་ཁྲུང་ཞེས་པ་ཞིག་ཡིན་པ་དང་། རྒྱ་ནག་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲ་རྒྱའི་སྟེང་ངོ་སྤྲོད་བྱས་པ་ལྟར་ན། གུ་པོ་ཁྲུང་ནི་བཅིངས་གྲོལ་དམག་སྤྱི་ཁྱབ་ཆབ་སྲིད་སྡེ་ཚན་ཁོངས་གཏོགས་ཀྱི་མི་ཞིག་ཡིན་སྐོར་བརྗོད་ཡོད་ནའང་། མི་མང་ཉིན་རེའི་ཚགས་པར་སྟེང་སྔར་གྱི་ལུགས་སྲོལ་ལྟར་རྩོམ་པ་པོའི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་བྱས་མེད་ཅིང་། རྩོམ་ཡིག་དེར་རྒྱལ་ནག་ནང་ཁུལ་དང་རྒྱལ་སྤྱིའི་སྟེང་དཔྱད་བརྗོད་དང་དོགས་སློང་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།