པཱ་པ་ཡའི་སྡོང་བུ་ལ་གསང་བ་ཞིག་ཡོད།
དགའ་ཤར། ལྷ་རམས་པ་བྱང་ཆུབ་སངས་རྒྱས།
མི་ཞིག་ལ་མཚོན་ན་གཟུགས་གཞིའི་བདེ་ཐང་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་གཞོན་དུས་ནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་བྱ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཡིན། དེ་ལྟར་ཡོང་བ་ལ་ནད་སྔོན་འགོག་བྱ་ཚུལ་དང་ཟས་སྤྱོད་བསྟེན་ཚུལ་རྣམས་ཤེས་དགོས་པ་གལ་ཆེ་བས་འདིར་བོད་ཡིག་ཐོག་ངོ་སྤྲོད་མཐོང་དཀོན་པའི་ཌེང་གྷིའི་ནད་ཀྱི་སྐོར་ལ་(པཱ་པ་ཡའི་སྡོང་བུ་ལ་གསང་བ་ཞིག་ཡོད་)ཅེས་མིང་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་བར་འདོད།
1) ཌེང་གྷི་ཡི་ནད་ཀྱི་སྐོར། (Dengue Fever)
སྤྱིར་ནད་ཡམས་མང་པོ་ཞིག་ནི་འཚོ་བའི་ཁོར་ཡུག་གམ། ཡང་ན་ཁོར་ཡུག་ཅིག་གི་སྐྱེ་དངོས། རྩི་ཤིང་གསར་སྤེལ་བྱེད་པ། སྲོག་ཆགས་དང་མི་སོགས་ཁྱུ་དང་སྐོར་བྱས་ནས་ས་གནས་གཅིག་ནས་གཞན་དུ་གནས་སྤོ་བའི་སྐབས་སུ་ཡང་ཁྱབ་བརྡལ་འགྲོ་བཞིན་ཡོད། ཕྱི་ལོ་ ༡༧༧༩ ལོ་ཙམ་ནས་ཌེང་གྷི་ (Dengue Fever) ཡི་ནད་ཡམས་དེ་ཡང་མི་འབོར་སྤོ་བཞུད་ལ་བརྟེན་ནས་བྱུང་ཞིང་། ནད་གཞི་དེ་ད་ལྟའི་ཆར་རྒྱལ་ཁབ་ ༡༡༠ ལྷག་ནང་ཡོད།
Indian Express དྲ་ཐོག་ཏུ་གསལ་བ་ལྟར་ན། རྒྱ་གར་གྱི་ཀེ་ར་ལ།(Kerala) ཨཱན་རྡར།(Andhra Pradesh) མཱ་ཧ་ར་ཤྚརཱ།(Maharashtra) གསུམ་དུ་ན་ཚ་དེ་ལོ་ཧྲིལ་པོར་སྡོད་ཀྱི་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་རྒྱ་གར་དབུས་དང་བྱང་དང་ཤར་རྣམས་སུ་ཆར་དུས་ཀྱི་རྗེས་ཕྱི་ཟླ་ ༩ ནས་ ༡༡ བར་ནད་གཞི་དེ་ཡོང་གི་ཡོད་ཅིང་། ནད་གཞི་འདིའི་རྐྱེན་པས་མི་མང་པོ་འདས་གྲོངས་སུ་འགྲོ་ཡི་ཡོད།
Times of India དྲ་ཐོག་ཏུ་གསལ་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་ནང་ཕྱི་ལོ་ ༢༠༡༣ ལོའི་ལོ་འགོ་ནས་ཕྱི་ཟླ་ ༡༠ ཚེས་ ༢༨ བར་ཟླ་བ་བཅུའི་ནང་ཌེང་གྷིའི་ནད་ཕོག་པའི་ནད་པ་ ༥༥༠༦༣ ཙམ་བྱུང་ཡོད་པ་དང་། མི་༡༣༨ འདས་གྲོངས་སུ་ཕྱིན་ཡོད།
རྒྱ་གར་ནང་ཕྱིི་ལོ་ ༢༠༠༧ ནས་ ༢༠༡༣ བར་ཌེང་གྷིའི་ནད་གཞི་ཕོག་པའི་མི་གྲངས་དང་རྐྱེན་འདས་སུ་གྱུར་པ།
ནད་གཞི་དེ་ལ་བོད་སྐད་ཐོག་མཁྲིས་ཚད་དང་དུག་སྦྲང་ལས་བྱུང་བའི་ཚ་བའི་དུག་ནད་ཟེར་བ་སོགས་ཡོད་ཀྱང་ཐ་སྙད་ཏག་ཏག་ཡིན་མིན་མི་ཤེས། དབྱིན་སྐད་ཀྱི་ཡི་གེ་Dengue ཞེས་པ་འདི་གཅིག་པུ་ལ་ཌེང་གྷི་དང་ཌེང་གྷུ་ཞེས་ཀློག་ཚུལ་གཉིས་འདུག
གང་ལྟར་ནད་གཞི་དེ་དུག་སྦྲང་བརྒྱུད་ནས་མི་ལ་འགོས་ཤིང་མཆེད་པའི་ཚ་བའི་ནད་དྲག་པོ་ཞིག་ཡིན་པ་དང་། དེས་ཀླད་པ་དང་མཆིན་པ་སོགས་གལ་ཆེ་བའི་གཟུགས་པོའི་ཆ་ཤས་དག་ལ་གནོད་སྐྱོན་གཏོང་གི་ཡོད། དུག་སྦྲང་གི་རིགས་གང་ཡིན་གྱིས་མིན་པར་གཤམ་དུ་པར་རིས་གསལ་བ་བཞིན་Genus Aedes ཞེས་པའི་དུག་སྦྲང་ཁྲ་བོ་ཞིག་ཡོད་པ་དེ་ལས་ནད་གཞི་དེ་ཕོག་གི་ཡོད། ནད་གཞི་དེ་ལ་རིགས་མི་འདྲ་བ་བཞི་ཡོད་པའི་གཉིས་ལྷོ་ཨཱབ་རི་ཀའི་(South Africa.) ནང་མ་གཏོགས་གཞན་ལ་མེད་པར་བཤད། རིགས་བཞི་ལས་གཅིག་ཕོག་པ་ཡིན་ན་གང་ཕོག་ཟིན་པའི་ནད་རིགས་དེ་མི་ཚེ་དེ་ལ་བསྐྱར་དུ་ན་རྒྱུ་མེད་ཀྱང་། རིགས་གཞན་གསུམ་མི་དེ་ལ་ཕོག་པ་ཡིན་ན་དང་པོ་དེ་ལས་ཉེན་ཚབས་ཆེ་བ་ཡོད། མང་ཆེ་བ་སྔ་དྲོ་དང་ས་རུབ་དུས་སོ་རྒྱག་གི་ཡོད་ལ། ནད་རྟགས་བྱུང་བ་དང་འཕྲལ་དུ་སྨན་པ་བསྟེན་གཏུག་བྱ་དགོས། དེའི་སྔོན་འགོག་གི་སྨན་ཁབ་ད་ལྟ་བཟོ་ཐུབ་མེད་ཀྱང་བོད་སྨན་གྱི་ཐོག་ནས་སྔོན་འགོག་བྱ་ཐབས་ཡོད་པར་བཤད། གཙོ་བོ་དུག་སྦྲང་གནས་སའི་ས་ཆ་དང་ཆུ་སོགས་གཙང་མ་བཟོ་རྒྱུ་དང་། དུག་སྦྲང་གིས་སོ་མི་རྒྱག་ཆེད་བྱུག་སྨན་སོགས་ཐབས་ཤེས་བྱ་དགོས།
ནད་རྟགས།
མགོ་ན་བ། ཚ་བ་འཕར་བ། ཁ་དང་སྣ་ཁུང་ནས་ཁྲག་ཐོན་པ། རུས་པ་དང་ཚིགས་ན་བ། སྐྱུག་མེར་དང་ཟ་འཕྲུག་ལངས་པ། ཚ་འབུར་ཐོན་པ། གཟུགས་པོ་ཐང་ཆད་པ། གྲོད་ཁོག་བཤལ་བ་སོགས་འབྱུང་། ནད་པའི་ནང་ཚ་བ་འཕར་བ་བརྒྱ་ཆ་༨༠། ཚ་འབུར་ཐོན་པ་བརྒྱ་ཆ་༥༠-༨༠། ཁྲག་ཐོན་པ་བརྒྱ་ཆ་༥། ཁྲག་ཐོན་ན་ཉེན་ཁ་ཆེ། སོ་བརྒྱབ་རྗེས་ཉིན་ ༣ ནས་ ༡༤ ནང་ཚུན་ན་བ་དང་། མང་ཆེ་བ་ཉིན་༤ ནས་ ༧ ནང་ན་བར་ངེས། ན་ཚ་ཡོད་ས་ནས་ཕྱོགས་གཞན་དུ་ཕྱིན་ཏེ་ཉིན་ ༡༤ རྗེས་ཚ་བ་འཕར་བ་སོགས་བྱུང་ཚེ་ན་ཚ་དེ་ཡིན་པའི་དོགས་པ་བྱ་མི་དགོས།
ཟས་སྤྱོད་བསྟེན་ཚུལ།
འབྲས་ཐུག་ལྟ་བུའི་ཟས་སླ་བོ་དང་འཇམ་པོའི་རིགས། ཚ་ལུ་མ་དང་ལ་ཕུག་དམར་པོ་སོགས་ཤིང་ཏོག་དང་ཚལ་གྱི་རིགས། འོ་མ་དང་ཀོ་ཀོ་ནར་གྱི་ཆུ། ཤིང་ཏོག་གི་ཁུ་བ་དང་ལིམ་བུའི་ཁུ་བ། གཞན་ཡང་རྩམ་པ་དང་ར་མའི་འོ་མས་ཀྱང་ཕན་པར་བཤད་ལ། ཆུ་གང་མང་འཐུང་དགོས། ཕན་ཆེ་ཤོས་ནི་པཱ་པ་ཡའི་ལོ་མའི་ཁུ་བ་དང་ཤིང་ཏོག་གི་ཁུ་བ་རྣམས་ཡིན། བརྔོས་པའི་ཟས་དང་ཁ་ཚ་བའི་ཟས་རིགས་རྣམས་ལ་འཛེམ་དགོས།
པཱ་པ་ཡའི་(Papaya) ལོ་མའི་ཁུ་བས་ཕན་པའི་ཚུལ།
སྤྱིར་བཏང་ང་ཚོ་ལ་ཁྲག་མིག་(Platelet) ཆིག་འབུམ་ལྔ་ཁྲི་ནས་འབུམ་བཞི་བར་དགོས། གལ་ཏེ་ཌེང་གྷི་ན་ནས་ཁྲག་མིག་ཁྲི་གཉིས་སམ་གསུམ་ལས་མེད་ན་ཉེན་ཁ་ཆེ། ཁྲག་མིག་ཉུང་ཉུང་ཆགས་ན་ཁ་དང་སྣ་སོགས་གང་བྱུང་ནས་ཁྲག་ཐོན་སྲིད་པ་དང་། སྐབས་རེ་ཁྲག་བརྗེ་པོ་བརྒྱབ་དགོས་པའང་ཡོང། པཱ་པ་ཡའི་ལོ་མའི་ནང་ཁྲག་མིག་བཟོ་རྒྱུའི་རྫས་ཀྱི་ནུས་པ་ཡོད་པར་བཤད་ཅིང་། ཁྲག་མིག་(Platelet) ཅེས་པ་ནི། གཟུགས་པོའི་ནང་གི་ཁྲག་གར་པོ་དང་དམ་པོར་ཉར་ཐུབ་པའི་རྫས་ཕྲ་མོ་ཞིག་ལ་ཟེར། ཁྲག་མིག་འཕར་བའི་ཆེད་པཱ་པ་ཡའི་ལོ་མའི་ཁུ་བ་འཐུང་རྒྱུ་ཧ་ཅང་གལ་ཆེ། སྤྱིར་པཱ་པ་ཡའི་ལོ་མ་ལ་རིགས་མི་འདྲ་བ་མང་པོ་ཡོད་པ་ལས། Lady Papaya plant ཞེས་པ་དེ་ཕན་ཆེ་བར་བཤད། དེ་ནི་རྒྱ་གར་ནང་མང་པོ་ཡོད། པཱ་པ་ཡའི་ལོ་མ་རྙིང་པ་དང་ཧ་ཅང་གསར་སྐྱེས་མིན་པ། ལོ་མ་གཅིག་པུ་ལས་ཡུ་བ་དེ་མི་དགོས། ཞིབ་ཞིབ་བཟོས་རྗེས་སྤར་བཙིར་བརྒྱབ་ན་འགྲིག།ཉིན་གཅིག་ལ་ཐེངས་གཉིས་ཙམ་དང་། ཐེངས་རེར་ཐུར་མ་ཆེ་བ་གཉིས་ཙམ་མམ། ལོ་ན་ཆུང་བའི་རིགས་ཀྱིས་ཐེངས་རེར་ཐུར་མ་གཅིག་རེ་འཐུང་དགོས། ཧ་ཅང་མང་པོ་འཐུང་རྒྱུ་མེད་ཅིང་། དེ་ལ་ཚྭ་དང་ཅི་ནི་སོགས་མཉམ་བསྲེས་བྱ་རྒྱུ་མེད། ངོས་རང་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༩ ནང་ལྡི་ལིར་ཉིན་གཉིས་ཙམ་སྡོད་རིང་ནད་གཞི་དེ་ཕོག་ནས་ཁྲག་མིག་(Platelet) ཁྲི་དྲུག་ལ་མར་ཆག་ཡོད་ཀྱང་། པཱ་པ་ཡའི་ལོ་མའི་ཁུ་བ་བཏུང་ནས་སང་ཉིན་དེ་རང་ལ་ཁྲག་མིག་ཁྲི་བདུན་དུ་འཕར་བ་དང་། དེའི་ཉིན་རྗེས་མ་སོགས་ལ་ཁྲག་མིག་འབུམ་གཅིག་དང་གཉིས་ཡན་འཕར་བ་བྱུང་། སྤྱིར་ནད་ངོས་ཟིན་རྗེས་པཱ་པ་ཡའི་ལོ་མའི་ཁུ་བ་དེ་འཐུང་དགོས་པ་དང་། ལྷག་པར་ཁྲག་མིག་འབུམ་གཅིག་དང་ཁྲི་ལྔའི་འོག་མར་ཆག་ཚེ་ངེས་པར་འཐུང་དགོས། པཱ་པ་ཡའི་ལོ་མའི་ནང་རྫས་(chymopapin དང་ papain that.) གཉིས་ཡོད་པ་དེ་གཉིས་ཀྱིས་ཁྲག་དམ་པོ་ཡོང་བ་དང་ཁྲག་དམའ་བོ་ཡོད་ན་གོང་འཕེལ་དུ་འགྲོ་བ་ཙམ་དུ་མ་ཟད། མཆིན་པའི་ནད་གསོ་བ་སོགས་ནད་རིགས་གཞན་ལའང་ཕན་པར་ཤྲི་ལང་ཀའི་སྨན་པ་ཞིག་གིས་བཤད། འོན་ཀྱང་ Dr. Srikant Sharma པཱ་པ་ཡའི་ལོ་མས་ཕན་ཞེས་པ་ཚད་ལྡན་མིན་ཟེར། ཌེང་གྷིའི་ནད་དེས་གཟུགས་པོར་གནོད་སྐྱོན་བྱེད་ཚུལ་ནི། གཟུགས་པོའི་ནང་རྐང་མར་(Bone Marrow) ལ་སྐྱོན་བྱུང་ནས་ཁྲག་མིག་དང་། ནད་ལ་གདོང་ལེན་བྱེད་པའི་ནུས་པ་(Immunity) ཉམས་འགྲོ་ཞིང་། ནད་གཞི་དེས་ཀླད་པ་དང་མཆིན་པ་སོགས་གལ་ཆེ་བའི་གཟུགས་པོའི་ཆ་ཤས་གཞན་ལའང་གནོད་སྐྱོན་གཏོང་གི་ཡོད།
མ་ལེ་ཞི་ཡའི་སྨན་པ་ཞིག་གིས་བཤད་དོན། ཁྱེད་རང་གི་འགྲམ་གྱི་པཱ་པ་ཡའི་སྡོང་བུ་ལ་གསང་བ་ཞིག་ཡོད། དུས་རྒྱུན་དུ་པཱ་པ་ཡ་ལ་སྟོབས་སྐྱེད་སྨན་(Vitamins.A,C) མང་པོ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་པཱ་པ་ཡའི་ལོ་མའི་ནང་ཁྲག་མིག་(Platelet) བཟོ་རྒྱུའི་རྫས་ཡོད་པ་མི་མང་པོས་མི་ཤེས་ཟེར། སྨན་པ་Dr.Soobithaཡིས། ཌེང་ཀི་ཕོག་པའི་ནད་པ་ ༢༢༨ དུམ་བུ་གཉིས་ལ་ཕྱེ་ནས་ཕྱོགས་གཅིག་ལ་པཱ་པ་ཡའི་ལོ་མའི་ཁུ་བ་སྤྲད་པ་དང་། ཕྱོགས་གཞན་པ་དེར་མ་སྤྲད་པའི་ཐོག་ནས་ཚོད་ལྟ་ཞིག་བྱས་པར། ཉིན་གཉིས་ཀྱི་ནང་པཱ་པ་ཡའི་ལོ་མའི་ཁུ་བ་སྤྲད་པ་རྣམས་ལ་ཁྲག་མིག་འཕེལ་རྒྱས་ཕྱིན་པ་དང་། མ་སྤྲད་པ་རྣམས་ལ་མ་ཕྱིན་པར་ཤེས་རྟོགས་བྱུང་། ནད་གཞི་དེ་ཉེན་ཚབས་ཆེ་ལ་དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལྟ་བུར་ཡང་ལོ་ལྟར་ནད་གཞི་དེ་ཡོང་གི་ཡོད་ཅིང་། བོད་ཡིག་ཐོག་ངོ་སྤྲོད་མཐོང་དཀོན་པས་རེ་ཟུང་ལ་ཕན་པར་བསམས་ཏེ་རང་ཉིད་ལ་བྱུང་བའི་མྱོང་ཚོར་དང་དབྱིན་ཡིག་ཐོག་ཡོད་པ་ནས་ཕྱོགས་བསྡུས་ཀྱིས་གོ་བདེར་བཀོད་པའོ།།
2) མཆིན་པའི་གཉན་ཚད། (Hepatitis B)
མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཕྱི་ལུགས་ཀྱི་སྨན་པས་མཆིན་པར་ནད་འབུ་ཕྲ་རབ་ (Virus) ལས་བྱུང་བའི་འགོས་ནད་ཅིག་ཡིན་པར་བཤད། ནད་འབུ་དེས་མཆིན་པར་རྨས་སྐྱོན་དང་རིམ་པས་མཆིན་པའི་རྩ་རྒྱུས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཞིང་། དུས་ཐོག་སྨན་བཅོས་མ་བྱས་ཚེ་སྲོག་ཉེན་ཆེ།
བོད་ལུགས་འཚོ་བྱེད་སྨན་པས་ནད་གཞི་འདིའི་ཐོག་འདོད་ཚུལ་འདྲ་མིན་སྣང་བར་ལ་ལས་མཆིན་ནད་ལྡེམ་བུ་དང༌། ལ་ལས་མཆིན་ནད་དུག་ཐབས། མཆིན་པའི་གཉན་ཚད། ཚ་མཁྲིས། མཆིན་པའི་གཉན་རིམས། དྭངས་མ་མ་ཞུའི་མཆིན་ནད་དུག་ཐབས་སོགས་ཐ་སྙད་སྣ་ཚོགས་འདོགས་ཀྱིན་ཡོད། ནད་གཞི་འདི་ནི་ཁྱབ་གདལ་ཆེ་ཤོས་ཀྱི་འགོས་ནད་ཅིག་ཡིན་པར་མ་ཟད། དེང་དུས་འཛམ་གླིང་ནང་མི་ས་ཡ་ཉིས་བརྒྱ་ཙམ་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞི་འདི་ཡོད། ལོ་ལྟར་མི་དྲུག་འབུམ་ལྷག་ནད་གཞི་འདིའི་རྐྱེན་པས་འདས་གྲོངས་སུ་འགྲོ་གི་ཡོད། རྒྱ་གར་ནང་ལ་མཚོན་ན་མི་གྲངས་ཉི་ཤུའི་ཁྲོད་དུ་མི་གཅིག་ལ་ནད་གཞི་འདི་ཡོད་པ་དང་། འཛམ་གླིང་མཆིན་ཚད་འགོས་ནད་ཁྱབ་ཆེ་ཤོས་གཉིས་པ་དེ་རྒྱ་གར་ཆགས་ཡོད།
ཁྱབ་གདལ་འགྲོ་ཚུལ། མཆིན་ནད་དུག་ཐབས་ཀྱི་ནད་འབུ་འདི་གཉན་ནད་རེག་དུག་གཞན་ལྟར་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་སོགས་རླན་གཤེར་བརྒྱུད་ནས་གཞན་ལ་འགོས་ཁྱབ་དང་མཐར་སྤྱི་ཚོགས་ནང་ཁྱབ་གདལ་འགྲོ་གི་ཡོད། ནད་འབུ་འདི་ནི་གཉན་ནད་རེག་དུག་ལས་ལྡབ་ ༥༠ ལྷག་འགོ་ཉེན་ཆེ་བའམ་མྱུར་བ་ཡོད།
ནད་ཀྱི་རྒྱུ་རྐྱེན། སྤྱིར་བཏང་འགོས་ནད་དེ་དག་གི་འབྱུང་གཞིའི་བརྒྱུད་རིམ་གཙོ་བོ་ཁག་བཞི་རུ་ཕྱེ་ཡོད་པ་ནི། ༡ མཆིན་ཚད་འདི་ཉིད་ཡོད་པའི་མི་དང་ལུས་འབྲེལ་བྱས་པ། ༢ མཆིན་ཚད་ནད་གཞི་ཡོད་པའི་སྐྱེས་མ་ནས་བྱིས་པར་འགོས་འགྲོ་བ། ༣ མི་གཉིས་བར་ཕན་ཚུན་ཐུག་རེག་འབྱུང་སྐབས་ལུས་ཀྱི་གཤེར་ཁུའི་རིགས་དཔེར་ན། ཁྲག ཆུ་སེར། རྣག་བཅས་བརྒྱུད་ནས་འགོས་པ། ༤ སྨན་ཁང་ཚད་ལྡན་ནས་བརྟག་དཔྱད་མེད་པར་ཁྲག་གང་བྱུང་བེད་སྤྱོད་བྱས་པ། (འགོས་ནད་དེ་རིགས་ཡོད་པའི་ཁྲག་གཞན་ལ་བླུགས་པ་དང་སྨན་བཅོས་ཀྱི་ཡོ་བྱད་དུག་སེལ་མ་བྱས་པ། སོ་འཁྲུད་དང་། ཁབ། གྲི། ཐུར་མ་སོགས་མཉམ་སྤྱོད་བྱས་པ། ཁབ་གཙགས་ཀྱི་རི་མོ་འབྲི་བ། གསེར་ཁབ་བམ་སྐམ་ཁབ་བརྒྱབ་པ། ལྷག་པར་སྐྲ་གྲི་གཅིག་གིས་མི་མང་པོའི་སྐྲ་བྲེགས་ན་འགོས་ཉེན་ཧ་ཅང་ཆེ།)
སྤྱིར་བཏང་ཕྲུ་གུ་ཆུང་ཆུང་རིགས་ཉིན་མོར་འཁྲུག་རྩེད་རིགས་རྩེ་སྐབས་རྨ་བཟོས་པའི་རིགས་དང་། སྤར་ཤད་ཐེབས་པ་སོགས་ནས་ཀྱང་ནད་འབུ་འདི་རིགས་འགོས་ཀྱི་ཡོད། འོན་ཀྱང་ནད་གཞི་འདི་ཡོད་མཁན་མཉམ་དུ་བཟའ་བཏུང་བྱེད་པ་དང་། གོས་གྱོན་རེས་བྱས་པ། ལག་པ་གཏོང་རེས་བྱེད་པ། མའི་ནུ་ཞོ་སྦྱིན་པ་སོགས་ཀྱིས་འགོས་ཀྱི་མེད། གལ་ཏེ་རང་ཉིད་ལ་ནད་འབུ་དེ་ཡོད་ཚེ། རང་ཉིད་ཀྱི་སྤྱོད་རྫས་སོ་འཁྲུད་དང། སྐྲ་དང༌ཁ་སྤུ་བཞར་བྱེད་རྣོ་གྲི་སོགས་གཞན་དང་མཉམ་སྤྱོད་མི་རུང་བ་དང་། རང་ཉིད་ཀྱི་ཁྲག་དང་དོན་སྣོད་སོགས་གཞན་ལ་སྦྱིན་དུ་མི་རུང་།
ནད་རྟགས། ནད་གཞི་འདི་ཕོག་པའི་མིའི་གྲངས་འབོར་ནས་ཕྱེད་ཀ་ཙམ་ལ་ནད་རྟགས་ཐོན་གྱི་མེད། མཆིན་ཚད་ཀྱི་ནད་འབུ་དེ་ལུས་པོའི་ཕྱི་ངོས་སུ་ཉིན་གྲངས་ ༧ རིང་གནས་སྡོད་བྱེད་ཅིང་། ནད་འབུ་དེ་ཁོག་པའི་ནང་འཛུལ་ཞུགས་བྱས་རྗེས་ནད་རྟགས་ཐོན་རྒྱུར་ཡང་ཉིན་གྲངས་ ༣༠ ནས་ ༡༨༠ བར་འགོར་གྱི་ཡོད།
ནད་རྟགས་མངོན་གསལ་ཁག་ཅིག་ནི། ཟས་ཀྱི་དང་ག་འགག་པ། ཞེ་མེར་དང་སྐྱུག་མེར་ལངས་པ། གཟུགས་པོར་ཟ་འཕྲུག་ལངས་པ། མཆིན་པར་ན་ཟུག་གཏོང་བ། གདོང་དང་པགས་པ་སེར་པོ་ཆགས་པ། ཆབ་གཅིན་གྱི་མདོག་ནག་པོ་ཐོན་པ། ཆབས་ཆེན་ཐལ་མདོག་ཐོན་པ། ཚ་བ་འཕར་བ། གཟུགས་པོ་ཐང་ཆད་པ། ལུས་སྟོབས་ཞན་ཅིང་བཞིན་མདངས་ཉམས་པ། མགོ་ན་བ་སོགས་ཡོང་གི་ཡོད།
སྔོན་འགོག་བྱ་ཐབས། མཆིན་པའི་གཉན་ཚད་ཀྱི་སྔོན་འགོག་ཐབས་ལམ་གཙོ་བོ་ནི་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་དེ་ཡིན། སྔོན་འགོག་སྨན་ཁབ་དེ་ཐེངས་གསུམ་དུས་ཚོད་ཏག་ཏག་ལ་བརྒྱབ་དགོས། ཁབ་ཐེངས་དང་པོ་བརྒྱབ་རྗེས་ཐེངས་གཉིས་པ་ཟླ་བ་གཅིག་གི་རྗེས་དང་། ཐེངས་གསུམ་པ་ཟླ་བ་དྲུག་གི་རྗེས་བརྒྱབ་དགོས། རྒྱ་གར་གྱི་བྱིས་ནད་གསོ་རིག་ཁང་ནས་ཉམས་ཞིབ་བྱས་པའི་སྙན་ཐོའི་ནང་། ཕྲུ་གུ་བཙས་ནས་ཚོུད་ ༡༢ རྗེས་མཆིན་ཚད་སྔོན་འགོག་གི་ཁབ་ངེས་པར་བརྒྱབ་དགོས་པར་བཤད། དགེ་རྒན་དང་ཕ་མ་རྣམས་ནས་རང་གི་དགེ་ཕྲུག་དང་ཕྲུ་གུར་བརྩེ་བ་ཡོད་ན་དེ་དག་ལ་ནད་གཞི་དེ་ཡོད་མེད་བརྟག་དཔྱད་བྱས་ཏེ་མེད་ཚེ་སྔོན་འགོག་སྨན་ཁབ་དང་ཡོད་ན་སྨན་བཅོས་དང་ཟས་སྤྱོད་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས།
མཆིན་ཚད་ནད་གཞི་ཡོད་པའི་མི་ལ་རིགས་གཉིས་ཡོད་པ་སྟེ། ༡ Healthy carrier ཡིན་ན་ནད་འབུའི་འཕེལ་ནུས་མེད་པས་ཉེན་ཁ་མེད། ༢ Unhealthy carrier ཡིན་ན་ནད་འབུ་དེ་རིགས་འཕེལ་རྒྱས་ཕྱིན་ཏེ་མཆིན་པར་ཚབས་ཆེའི་གནོད་སྐྱོན་གཏོང་གི་ཡོད། གོང་གསལ་གཉིས་ཀྱི་ཁྱད་པར་དེ། Hep Be Antigen test ཞེས་གལ་ཆེའི་ཟུངས་ཁྲག་བརྟག་དཔྱད་ཅིག་བྱེད་རྒྱུ་ཡོད་པ་དེས་དབྱེ་འབྱེད་ཐུབ། ནད་འབུ་ལྡན་ཡང་འཕེལ་ནུས་མེད་པའི་མི་རྣམས་(Healthy Carrier) ནས། མཆིན་ནད་སྨན་པ་ཚད་ལྡན་ཞིག་ལ་བསྟེན་གཏུགས་ཀྱིས་ཟླ་བ་དྲུག་རེའི་མཚམས་མཆིན་པས་ལས་ཀ་གང་འདྲ་བྱེད་ཀྱི་ཡོད་མེད་ཟུངས་ཁྲག་དང། དམིགས་བསལ་གློག་པར་གྱི་བརྟག་དཔྱད་གཉིས་ཀ་བྱ་དགོས། ནད་འབུ་ལྡན་ལ་འཕེལ་ནུས་ཡོད་པའི་མི་རྣམས་(Unhealthy carrier) ནས། མཆིན་ནད་སྨན་པ་ཚད་ལྡན་ཞིག་ལ་བསྟེན་གཏུག་བྱ་དགོས་ཤིང་། ཆང་རག་དང་། ཞག་ཚི་ཅན་གྱི་ཟས་སོགས་མཆིན་པ་དང་མཁྲིས་པར་གནོད་པའི་རིགས་རྣམས་སྤང་དགོས།
སྨན་བཅོས། ཕྱི་ལུགས་ནས་ནད་གཞི་འདི་ཉིད་སངས་དྲག་ཡོང་ཆེད་ཀྱི་བཅོས་ཐབས་ཤིག་ད་བར་རྙེད་མེད་ནའང་དེར་ཕན་པའི་སྨན་ངེས་ཅན་གསར་བཟོས་གནང་ཡོད། བོད་ཀྱི་གསོ་བ་རིག་པའི་ངོས་ནས་བཤད་ན་ནད་པ་རང་ཉིད་ཀྱི་རང་བཞིན་དང་ནད་གཞིའི་གནས་སྟངས་སོགས་སྒོ་ཀུན་ལ་གཞིགས་ཏེ་ཟས་སྤྱོད་སྨན་བཅོས་སོགས་གསོ་བཅོས་མི་འདྲ་བ་ཡོད་པས་ནད་པ་རྣམས་བོད་ལུགས་སྨན་པ་བསྟེན་གཏུག་བྱས་ན་ནད་གཞི་འདི་དང་འབྲེལ་བའི་ནད་རྟགས་ཞི་བ་དང་མཆིན་པའི་བྱེད་ལས་ལེགས་བསྐྱེད་གཏོང་བའི་ཐབས་ཡོད། མདོར་ན་ཕྱི་ལུགས་སྨན་དང་བོད་སྨན་ཟུང་འབྲེལ་ཐོག་སྨན་གཏོང་རྒྱུ་སྨན་པའི་ལམ་སྟོན་ལྟར་བྱ་དགོས།
ཟས་སྤྱོད་བསྟེན་ཚུལ།
ནད་གཞི་འདིས་མིའི་གཟུགས་པོའི་དོན་སྣོད་རྣམས་ལས་དམིགས་སུ་མཆིན་པར་གཙོ་བོ་གནོད་སྐྱོན་གཏོང་བཞིན་ཡོད། མཆིན་པ་ནི་དྲོད་ཀྱི་རང་བཞིན་ཡིན་སྟབས་དེ་དང་མཚན་ཉིད་མཐུན་པའི་ཁ་ཟས་ཚྭ་སྐྱུར་ཤས་ཆེའི་རིགས་རྒྱུན་དུ་བསྟེན་རྒྱུ་མེད། དཔེར་ན་ཆང་རག་དང་བོད་ཇ་འཐུང་བ་ལྟ་བུ། འོ་མ་གྲང་མོ། ཤིང་ཏོག་མ་སྨིན་པ། ཞོ་མ་ལངས་པ། དར་བ་དང་ཇ་གར་པོ། སྔོ་ཚལ་རྙིང་པ། རྗེན་ཚལ། ཤ་རྙིང་དྲི་མ་ཅན་ནམ་བཙོག་པའི་རིགས། བྱ་ཤ་ཕག་ཤ་སོགས་ཚིལ་སྣུམ་རིགས། གཞན་ཡང་མར་དང་སྣུམ་ལ་བརྔོ་བསྲེག་བྱས་པའི་ཁ་ཟས་རིགས། བྱའི་སྒོ་ང༌། ཤ་དང་རྒྱུ་མ་དང་གློ་བ་སྣུམ་བསྲེག་ཅན། སྟར་ཁའི་འབྲས་བུ་དང་བྷ་དམ་ལ་སོགས་པ་སྣུམ་ལྡན་རིགས། རུལ་སུངས་རིགས་ཏེ་ཕྱུ་ར་རྙིང་པ་ལྟ་བུ། ཕག་ཤ་དང་ལ་ཕུག་སོགས་བསྙལ་བའི་རིགས་རྣམས་སྤང་དགོས། དེ་བཞིན་སྤྱོད་ལམ་དུའང་རང་རྒྱུད་ལ་ཞེ་སྡང་དང་ང་རྒྱལ་དྲག་པོ་སྐྱེད་པ། འཁྲུག་ལས་རིགས་བྱས་དྲགས་པ་དཔེར་ན་ལུས་རྩལ་རིགས་རྩེད་དྲགས་པའམ། ཉིན་པར་ཤུགས་ལས་བྱས་དྲགས་པ། ཡང་ན་ལུས་ལ་རྩོལ་བ་མེད་པར་དལ་བར་གནས་དྲགས་པ། མྱ་ངན་སེམས་ངལ་བྱས་དྲགས་པ། ཉིན་པར་གཉིད་ལོག་ཆེ་དྲགས་པ་སོགས་ཀྱིས་མཆིན་པར་གནོད་སྐྱོན་དང་དེའི་སྲུང་སྐྱོབ་ཀྱི་ནུས་པ་ཇེ་ཞན་དུ་གཏོང་གི་ཡོད་པས་དེ་རྣམས་སྤང་དགོས།
སྤྱོད་ཟས་དཔེར་ན། ཀུ་ཤུ། ངང་ལག ཚ་ལུ་མ། རྒུན་འབྲུམ་སོགས་དང་། དེ་དག་གི་ཁུ་བ་གང་མང་འཐུང་དགོས། ཐུག་པ་སླ་མོ་དང་བཅུད་ལྡན་གྱི་ཟས་རིགས་ཡག་པོ་ཟ་དགོས། ཆུ་སྐོལ་ཚ་བོ་སྤངས་ནས་ཆུ་སྐོལ་གྲང་མོའམ་ཆུ་གང་མང་འཐུང་དགོས།
ལུས་མི་བདེ་བ་བྱུང་བའི་རྗེས་སུ་གཞི་ནས་སྨན་པར་བསྟེན་པ་དང་། སྨན་འཐུང་བ་ནི་མཐའ་མའི་གདམས་ཀ་ཡིན། ང་ཚོས་འཕྲོད་བསྟེན་གྱི་འདུ་ཤེས་གོང་མཐོར་གཏོང་བ་དང་། འཕྲོད་བསྟེན་སྐོར་རྒྱུས་ལོན་ཡག་པོ་བྱེད་ཐུབ་ན། གོང་འཁོད་ཀྱི་ནད་རིགས་འདི་དག་ལས་གཡོལ་ཐུབ་པ་ཙམ་དུ་མ་ཟད། ནད་རིགས་འདི་ཡོད་པའི་མི་རྣམས་ཀྱང་ཉིན་རེའི་ཟས་སྤྱོད་དང་། འཕྲོད་བསྟེན་ལ་གཟབ་ནན་བྱས་ཚེ་ལུས་བདེ་ཐང་དང་མི་ཚེ་རིང་ཙམ་སྐྱེལ་ཐུབ། དེས་ན་ནད་གཞི་དེ་མེད་པ་རྣམས་ནས་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་དང་ནད་གཞི་དེ་མི་འགོས་པར་བྱ་རྒྱུ། ནད་གཞི་འདི་ཡོད་པ་རྣམས་ནས་ནད་དེ་ཇེ་ཞན་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་བརྟག་དཔྱད་ཡང་ཡང་བྱ་རྒྱུ་དང་ཟས་སྤྱོད་གཉིས་ཀར་ཐུགས་སྣང་གནང་རྒྱུ་མ་ཟད་ནད་གཞི་འདི་མི་གཞན་ལ་མི་འགོས་པར་བྱ་རྒྱུ་ཤིན་ཏུ་གལ་ཆེ།
གཡུ་ཐོག་ཡོན་ཏན་མགོན་པོས། རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས། །ཉམས་ལྡན་བསྟེན་པར་བྱས་ན་ནད་མི་འབྱུང་། །ཞེས་གསུངས་པར་རྒྱུན་དུ་འཕྲོད་བསྟེན་དང་ཟས་སྤྱོད་ལ་ཐུགས་སྣང་མང་ཙམ་གནང་རོགས།།