བསོད་ནམས་སྟོབས་ལྡན་གྱི་འཁྲབ་སྟོན་སྒྱུ་རྩལ་ལ་བསྔགས་བརྗོད་ཆེན་པོ་ཐོབ་བཞིན་འདུག
ཟླ་༩ པའི་ཚེས་༢ ཉིན་རྒྱ་གར་དང་བལ་ཡུལ། འབྲུག་སོགས་ཧི་མ་ལའི་རི་རྒྱུད་ཁུལ་དུ་སྙན་གྲགས་ཆེ་བའི་བོད་ཀྱི་གཞས་པ་བསོད་ནམས་སྟོབས་ལྡན་གྱིས་འཁྲབ་སྟོན་བྱས་ཡོད་པའི་བལ་པོའི་གློག་བརྙན་(Samhalinchha Kahile Mann)ཞེས་པ་དེ། བལ་ཡུལ་གྱི་གློག་བརྙན་ཁང་ཚང་མར་འགྲེམ་སྤེལ་བྱས་འདུག་པ་དང་། ད་ལྟའི་ཆར་གློག་བརྙན་དེ་དང་ལྷག་པར་དུ་ཁོང་གི་འཁྲབ་སྟོན་སྒྱུ་རྩལ་ལ་བསྔགས་བརྗོད་ཆེན་པོ་ཐོབ་བཞིན་འདུག
དེ་ཡང་གློག་བརྙན་དེ་ནི་བརྩེ་དུང་གི་གློག་བརྙན་ཞིག་ཡིན་འདུག་པ་དང་། བསོད་ནམས་སྟོབས་ལྡན་གྱི་གློག་བརྙན་དང་པོ་ཡིན་ཁར། དེའི་ནང་དུ་ཁོང་ལ་མི་སྣ་གཙོ་བའི་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཐོབ་འདུག་པས། བལ་ཡུལ་དུ་ཡོད་པའི་བོད་མི་གཙོས་ཁོང་ལ་དགའ་མོས་བྱེད་མཁན་ཚོས་གློག་བརྙན་དེ་བལྟ་བར་སོང་ནས་ཁོང་ལ་དམིགས་བསལ་གྱི་རྒྱབ་སྐྱོར་རྣམ་པ་ཆེན་པོ་སྟོན་བཞིན་འདུག
བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་ཡང་བལ་པོའི་གློག་བརྙན་གྱི་ཁོར་ཡུག་ནང་དུ་འཁྲབ་སྟོན་པ་སྐར་ཆེན་གསར་པ་ཞིག་སླེབས་ཡོད་པ་ནི་བསོད་ནམས་སྟོབས་ལྡན་རེད་སོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་བཞིན་འདུག་པ་དང་། ལྟད་མོ་བ་ཚོས་ཀྱང་ཁོང་གི་འཁྲབ་སྟོན་སྒྱུ་རྩལ་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་འདུག
བསོད་ནམས་སྟོབས་ལྡན་གྱིས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུས་ནས། ཁོང་གིས་མུ་མཐུད་ནས་འཁྲབ་སྟོན་སྒྱུ་རྩལ་གྱི་གནས་ཚད་མཐོ་རུ་བཏང་ནས། མ་འོངས་པར་གློག་བརྙན་ཁག་གི་ནང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
བསོད་ནམས་སྟོབས་ལྡན་གྱིས་གཙོ་བོ་བོད་གཞས་དང་། དེ་མིན་བལ་པོའི་གཞས། འབྲུག་གཞས། རྒྱ་གར་གྱི་གཞས་སོགས་བཏང་གི་ཡོད་པས། ཧི་མ་ལ་ཡའི་ཁུལ་དུ་ཁོང་ལ་དགའ་མོས་བྱེད་མཁན་ཤིན་ཏུ་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།