ཚོང་སྲིད་མཉམ་འབྲེལ་དང་དབང་ཆ་འཐབ་རྩོད།
པེ་ཅིང་དུ་ཡོད་པའི་བདུན་རེའི་དུས་དེབ་ཅིག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྒྱ་ནག་གི་ཚོང་པ་འབྱོར་ལྡན་གཉིས་བར་བརྒྱུད་ལམ་ཁག་ཏུ་རྣོ་ངར་ལྡན་པའི་རྩོད་གླེང་བྱེད་བཞིན་པའི་སྐབས་འདིར། དཔྱད་བརྗོད་པ་མང་པོས་ཁོང་གཉིས་ཀྱི་བྱ་སྤྱོད་དེ་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་དང་འབྲེལ་བ་ཆེན་པོ་ཡོད་ཅིང་།
པེ་ཅིང་དུ་ཡོད་པའི་བདུན་རེའི་དུས་དེབ་ཅིག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་རྒྱ་ནག་གི་ཚོང་པ་འབྱོར་ལྡན་གཉིས་བར་བརྒྱུད་ལམ་ཁག་ཏུ་རྣོ་ངར་ལྡན་པའི་རྩོད་གླེང་བྱེད་བཞིན་པའི་སྐབས་འདིར། དཔྱད་བརྗོད་པ་མང་པོས་ཁོང་གཉིས་ཀྱི་བྱ་སྤྱོད་དེ་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་དང་འབྲེལ་བ་ཆེན་པོ་ཡོད་ཅིང་། དོན་རྐྱེན་དེ་ནི་ཝང་ལི་ཅུས་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་བ་ཡོད་པའི་ངོས་འཛིན་བྱེད་བཞིན་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་རྣོ་ངར་ཆེ་ཤོས་ཀྱི་ཚད་ལ་སླེབས་ཡོད་པའི་ངོས་འཛིན་བྱེད་བཞིན་པའི་སྐབས་འདིར། པེ་ཅིང་དུ་ཡོད་པའི་<<ཚེ་ཤིན་བདུན་རེའི་དུས་དེབ>>་སྟེང་“རྒྱ་ནག་གི་ཁྱད་ཆོས་འབྱོར་ལྡན་གོ་ཝན་གུན”ཞེས་འགོ་བརྗོད་དུ་འཁོད་པའི་ནང་། པེ་ཅིང་ཀྲན་ཆེའུ་ཚོང་ལས་དངུལ་རྩ་བཟོ་གྲྭའི་སྦྱིན་བདག་ཆེན་མོ་གོ་ཝན་གུན་ཚོང་སྲིད་ངན་འབྲེལ་གྱི་ལམ་ནས་འབྱོར་ལྡན་དུ་གྱུར་པའི་སྐོར་གྱི་གནས་ཚུལ་སྤེལ་བའི་རྗེས། གོ་ཝན་གུན་གྱིས་དེ་མ་ཐག་ཁོང་བཟོ་གྲྭའི་དྲ་བའི་ཐོག་ཚེ་ཤིན་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཧྲུའུ་ལི་ཡི་མི་གཞིར་དམའ་འབེབས་དང་། གསར་ཁང་དེའི་དྲང་བདེན་གྱི་གནས་ཚུལ་བཀོད་སྤེལ་ལ་དོགས་སློང་བྱས་ཡོད་པ་མ་ཟད། ལྕམ་ཧུ་ཧྲུའུ་ལི་ལ་ཟུར་དུ་བྱི་ཕྲུག་(ཁྲིམས་འགལ་གྱི་ཕྲུ་གུ) ཡོད་པའི་གསང་བ་ཕྱིར་བསྒྲགས་བྱས་པ་སོགས་ལ་བརྟེན་ནས། ལྕམ་ཧུ་ཧྲུའུ་ལི་ཡིས་ཁོང་མོ་ལ་མ་ཉེས་ཁག་གཡོགས་དང་། ཁྲིམས་འགལ་གྱི་དཀྲོག་གཏམ་ཁྱབ་སྤེལ་བྱས་ཏེ་མི་གཞིར་ཁྱད་གསོད་བྱས་སོང་བས། ཉེན་རྟོག་པར་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་ལན་འདེབས་བྱས་ཡོད་པ་དང་། ཁོང་གཉིས་ཀྱི་རྩོད་གླེང་ལ་བརྒྱུད་ལམ་ཁག་དང་ལྷག་པར་དུ་དྲ་དམངས་ཚོས་དོ་སྣང་ཤུགས་ཆེན་བྱེད་བཞིན་འདུག
ལྕམ་ཧུ་ཧྲུའུ་ལི་ནི་ཚེ་ཤིན་བདུན་རེའི་དུས་དེབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན་པ་དང་། ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ཤུགས་ཆེན་བཏང་བ་ནས་བཟུང་། ཚེ་ཤིན་གསར་ཁང་གིས་གསང་བའི་གསར་འགྱུར་ཡོང་ཁུངས་ཐུན་མོང་མ་ཡིན་པ་ཞིག་བརྒྱུད་དེ། གཞུང་འབྲེལ་གསལ་བསྒྲགས་མ་བྱས་པའི་སྔོན་ནས་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པའི་རུལ་སུངས་ཀྱི་དཔོན་རྒན་དག་གི་གནད་དོན་ཕྱིར་ཁྱབ་སྤེལ་བྱས་ཡོད་ཅིང་། སྟག་རྒན་པའོ་ཞི་ལེ་དང་ཀྲུའུ་ཡོང་ཁང་། ཞུའུ་ཚེ་ཧུག ལི་ཅིན་ཧྥ་སོགས་ཆ་ཚང་ར་སྤྲོད་ཐུབ་པ་བྱུང་ཡོད།
འབྱོར་ལྡན་གོ་ཝན་གུན་ནི་ད་ལོའི་ཕྱི་ཟླ་༡ པོའི་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་འོག་གནས་དབྱུང་བཏང་བའི་དབུས་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་མཱ་ཅེ་དང་འབྲེལ་བ་དམ་ཟབ་ཡོད་སྐོར་བརྗོད་བཞིན་པ་དང་། མཱ་ཅེ་ལ་གནད་དོན་ལྷགས་པ་ནས་བཟུང་གོ་ཝན་གུན་རང་ཉིད་ཀྱང་ཨ་རིར་ཉེན་ཡོལ་ཚུལ་དུ་སྡོད་ཡོད་ནའང་། ཁོང་གིས་སྨན་བཅོས་ཆེད་ཨ་རིར་སླེབས་པ་ཞིག་ཡིན་པ་ལས་བྲོས་བྱོལ་ཡིན་པའི་ཁས་ལེན་བྱས་མེད། གོ་ཝན་གུན་གྱིས་རྩོམ་ཡིག་སྤེལ་ཏེ་ལྕམ་ཧུ་ཧྲུའུ་ལི་དང་གདོང་དང་གདོང་ནས་སྐད་ཆ་བཤད་རྒྱུའི་རེ་བ་བཏོན་ཡོད་པ་དང་། ཁོང་གིས་ལྕམ་ཧུ་ཧྲུའུ་ལི་ལ་སྐྱོན་འཛུགས་བྱས་པ་དག་ནི་ཁ་ཙམ་མ་ཡིན་པར་དངོས་སུ་བདེན་དཔང་ཡོད་སྐོར་བརྗོད་ཡོད་ལ། ཁོང་གིས་ཨ་རི་ནས་གསར་ལམ་ཁག་གི་བཅར་འདྲི་ཡང་དང་ལེན་བྱས་ཡོད། ཡིན་ནའང་ལྕམ་ཧུ་ཧྲུའུ་ལི་ཡིས་ད་བར་དངོས་སུ་གདོང་བསྟན་ནས་ལན་འདེབས་བྱས་མེད།
གནས་ཚུལ་ཡོང་ཁུངས་ཁ་ཤས་ལ་གཞིགས་ན། ཚེ་ཤིན་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྕམ་ཧུ་ཧྲུའུ་ལི་དང་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་མཁན་གྱི་ཞི་ཅིན་ཕིང་གི་དཔུང་རོགས་གཙོ་བོ་ཝང་ཆི་ཧྲན་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། བྱི་ཕྲུག་དེ་ནི་ཝང་ཆི་ཧྲན་གྱི་བུ་ཡིན་སྐོར་བརྗོད་བཞིན་པ་དང་། ཁོང་གཉིས་ཀྱི་རྩོད་གླེང་ནི་རང་གར་ཙམ་མ་ཡིན་པར། རྩོད་རྙོག་དེའི་རྒྱབ་ཏུ་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་དང་འབྲེལ་བ་ཡོད་ཅིང་། ཟླ་ཤས་སྔོན་གནས་དབྱུང་བཏང་བའི་དབུས་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་མཱ་ཅེ་ནི་ཙང་ཆི་ཧོང་གི་མི་ཡིན་པ་དང་། མཱ་ཅེ་དང་གོ་ཝན་གུན་གཉིས་བར་འབྲེལ་བ་དམ་ཟབ་ཡོད་པ་རེད། དེ་བཞིན་ལྕམ་ཧུ་ཧྲུའུ་དང་ཝང་ཆི་ཧྲན་གཉིས་བར་འབྲེལ་བ་ཡག་པོ་སྟབས། ཐེངས་འདིའི་ཁོང་གཉིས་ཀྱིས་ཕུན་ཚུན་ཚད་ལས་བརྒལ་བའི་འཚང་འབྱིན་བྱེད་རེས་བྱས་པ་དེ་ནི་དབང་ཆ་འཐབ་རྩོད་ཀྱི་རྣོ་ངར་ཕྱིར་མངོན་པ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་མ་ཟད། ཁོང་གཉིས་ཀྱི་རྩེད་གླེང་ནི་འགོ་བཙུགས་མ་ཐག་པ་ཡིན་ཞིང་། ངོ་མཚར་ཆེ་བའི་ལྟད་མོ་ད་དུང་རྗེས་སུ་ལུས་ཡོད་སྐོར་བརྗོད་བཞིན་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།