སིང་གྷ་པུར་གྱི་སྲིད་བློན་ཐོག་མ་འདས་གྲོངས།
སིང་གྷ་པུར་གྱི་སྲིད་བློན་ཐོག་མ་དང་རྒྱལ་ཁབ་གསར་འཛུགས་བྱེད་མཁན། དེ་བཞིན་མཚོ་གླིང་ཆུང་ངུ་ཞིག་ནས་རྒྱལ་ཁབ་འབྱོར་ལྡན་དང། ལྐོག་ཟ་རུལ་སུངས་མེད་པའི་རྒྱལ་ཁབ་ཡར་ཐོན་ཅན་ཞིག་ཏུ་འཁྲིད་མཁན་གྱི་སྐུ་ཞབས་ལི་ཀང་ཡཱིབ། དགུང་གྲངས་༩༡ ལ་སོན་པའི་རེས་གཟའ་ཟླ་བའི་ཞོགས་པར་སྐུ་གྲོངས་ཡོད་འདུག
སིང་གྷ་པུར་གྱི་སྲིད་བློན་ཐོག་མ་དང་རྒྱལ་ཁབ་གསར་འཛུགས་བྱེད་མཁན། དེ་བཞིན་མཚོ་གླིང་ཆུང་ངུ་ཞིག་ནས་རྒྱལ་ཁབ་འབྱོར་ལྡན་དང། ལྐོག་ཟ་རུལ་སུངས་མེད་པའི་རྒྱལ་ཁབ་ཡར་ཐོན་ཅན་ཞིག་ཏུ་འཁྲིད་མཁན་གྱི་སྐུ་ཞབས་ལི་ཀང་ཡཱིབ། དགུང་གྲངས་༩༡ ལ་སོན་པའི་རེས་གཟའ་ཟླ་བའི་ཞོགས་པར་སྐུ་གྲོངས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༣ ཉིན་སིང་གྷ་པུར་གྱི་ད་ལྟའི་སྲིད་བློན་གྱིས་གཞུང་འབྲེལ་དྲ་རྒྱའི་སྟེང་གསལ་བསྒྲགས་ཤིག་སྤེལ་བའི་ནང། རྒྱལ་ཁབ་ཀྱི་སྲིད་བློན་ཐོག་མར་སྐུ་ཞབས་ལི་ཀང་ཡཱིབ་(Lee Kuan Yew) མཆོག་ཉིན་དེའི་ཞོགས་པའི་ཆུ་ཚོད་༣ དང་སྐར་མ་༡༥ ཐོག་སྨན་ཁང་ཞིག་གི་ནང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་སྤེལ་བའི་རྗེས། རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོས་ཀྱང་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་དམ་པ་ཁོང་ནི་ལོ་རྒྱུས་ཀྱི་སྐར་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་་ཡོད་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་ཁོང་ཨེ་ཤེ་ཡའི་ནང་སྙན་གྲགས་ཅན་གྱི་འགོ་ཁྲིད་ཅིག་ཡིན་པའི་འགྲེལ་བརྗོད་བྱས་འདུག
སིང་གྷ་པུར་སྲིད་གཞུང་གིས་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཏེ་ཉིན་༧ རིང་རྒྱལ་ཡོངས་མྱ་ངན་བྱེད་རྒྱུ་ཡིན་པ་དང། ཟླ་འདིའི་ཕྱི་ཚེས་༢༩ ཉིན་གཞུང་འབྲེལ་གྱི་སྐུ་གདུང་ཞུགས་འབུལ་བྱ་རྒྱུ་ཡིན་པ་རེད།
སྐུ་ཞབས་ལི་ཀང་ཡཱིབ་ནི་ཕྱི་ལོ་༡༩༢༣ ལོར་སྐུ་འཁྲུངས་ཤིང། ཕྱི་ལོ་༡༩༥༩ ནས་ལོ་ངོ་༣༡ རིང་སྲིད་བློན་གྱི་འགན་འཁུར་བྱས། ཁོང་ནི་ཕྱི་ལོ་༡༩༦༥ ལོར་མཚོ་གླིང་སིང་གྷ་པུར་དེ་མ་ལི་ཤི་ཡ་ནས་ཁ་བྲལ་ཏེ་རང་བཙན་གྱི་རྒྱལ་ཁབ་ཆགས་སྐབས་རང་དབང་རྩོད་ལེན་མཁན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་དང་། སྐབས་དེར་གསར་འཛུགས་བྱས་མ་ཐག་པའི་རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཡོང་ཁུངས་དང་། རང་བྱུང་གི་ཐོན་ཁུངས་སོགས་གང་ཡང་མེད་སྟབས། མི་རིགས་མི་འདྲ་བའི་ནང་ཁུལ་དུ་མཐུན་འབྲེལ་མེད་པའི་དཀའ་ངལ་བྱུང་སྐབས། ཁོང་གིས་མི་མང་ལས་འགུལ་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། ཕྱི་གསལ་ནང་གསལ་དང་དཔལ་འབྱོར་འཕེལ་རྒྱས་ཆེད་ནུས་པ་གལ་ཆེན་འདོན་པའི་སྲིད་གཞུང་ཞིག་འཛུགས་པ་མ་ཟད། སིང་གྷ་པུར་ནང་རྒྱལ་ཁབ་གཞན་གྱི་མ་རྐང་འབོར་ཆེན་འཛུགས་ཆོག་པར་བཟོས་ཏེ། མི་མང་གི་འཚོ་བའི་གནས་སྟངས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་འབྲེལ མང་ཚོགས་ལ་ཁེ་ཕན་ཡོད་པའི་དཔལ་འབྱོར་གྱི་སྲིད་ཇུས་འདྲ་མིན་ཐོག་ནས་སྤོབས་པ་སྐྱེ་འོས་པའི་རྒྱལ་ཁབ་ཞིག་བསྐྲུན་ཡོད།
འོན་ཀྱང་སྐུ་ཞབས་ལི་ཡི་སྲིད་གཞུང་གིས་འཛིན་སྐྱོང་སྐབས་གསར་ལམ་ཁག་དང་ཁ་གཏད་ཆབ་སྲིད་ཚོགས་པ་མང་པོ་ཞིག་ལ་རང་དབང་མི་སྤྲད་པའི་སྐྱོན་བརྗོད་བྱེད་མཁན་ཀྱང་མང་པོ་བྱུང་ཡོད།
སྐུ་ཞབས་ལི་ཡི་གཟུགས་གཞིའི་གནས་སྟངས་ཕྱི་ལོ་༢༠༡༠ ནས་སྐྱོ་རུ་ཕྱིན་པ་དང། ཕྱི་ལོ་༢༠༡༣ ལོར་ཁོང་དགུང་ལོ་༨༩ ལ་སོན་སྐབས། ནད་གཞིའི་རྐྱེན་པས་སྨན་ཁང་ནང་སྨན་བཅོས་ཆེད་བཞུགས་དགོས་བྱུང་སྟེ། མཐར་འདི་ལོའི་ཕྱི་ཟླ་༣ པའི་ཚེས་༢༣ རེས་གཟའ་ཟླ་བའི་ཞོགས་པའི་ཆུ་ཚུད་༣ དང་སྐར་མ་༡༥ ཐོག་འདས་གྲོངས་སུ་གྱུར་ཡོད་པ་རེད།
ཁོང་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་པ་ལས་བུ་རྒན་པ་ནི་སིང་གྷ་པུར་གྱི་ད་ལྟའི་ལས་ཐོག་སྲིད་བློན་ཡིན་པ་རེད།།
གསར་འགོད་པ་བསྟན་འཛིན་ཟླ་བ།