རྒྱ་གཞུང་ལ་ངོ་རྒོལ་ཁྲོད་བློ་དཔལ་བཟང་རང་ཤི་དང་མི་གཅིག་གྲོངས།
ཟླ་འདིའི་ཚེས་༡༧ ཉིན་ཁམས་འདན་མ་ནས་རྒྱ་གཞུང་གི་མནར་གཅོད་ལ་ངོ་རྒོལ་ཆེད་བློ་དཔལ་བཟང་གིས་རང་ཤི་དང་། སྐྱེས་པ་རང་ལོ་༢༢ ཅན་ཞིག་ཀྱང་འདས་གྲོངས་སུ་ཕྱིན་ཡོད་འདུག
ཟླ་འདིའི་ཚེས་༡༧ ཉིན་ཁམས་འདན་མ་ནས་རྒྱ་གཞུང་གི་མནར་གཅོད་ལ་ངོ་རྒོལ་ཆེད་བློ་དཔལ་བཟང་གིས་རང་ཤི་དང་། སྐྱེས་པ་རང་ལོ་༢༢ ཅན་ཞིག་ཀྱང་འདས་གྲོངས་སུ་ཕྱིན་ཡོད་འདུག
དེ་བཞིན་སྡེ་དཔོན་དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ་སོགས་ཁག་ཅིག་གི་ལུས་སྟེང་ནས་མདེལ་མགོའང་ཕྱིར་བཏོན་རོགས་མ་བྱས་པར་བཞག་འདུག་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་༡༡ ཉིན་གྱི་མཚན་མོ་ཁམས་སེལ་ཤུལ་རྫོང་། སྡེ་དགེ་འདན་མ་(ལོ་ཕྱུག་)ཤུག་པ་སྡེ་པའི་དབང་གྲགས་རྒྱ་གཞུང་གིས་འཇུ་བཟུང་དང་། ཕྱི་ཚེས་༡༢ ཉིན་མི་མང་གི་ངོ་རྒོལ་བྱེད་སྐབས། དྲག་གནོན་བྱས་ཡོད་པ་རེད།
འཆམ་ར་དྲི་མེད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༡༧ ཉིན་འདན་མ་རུ་ཉེ་ཆར་དྲག་གནོན་བྱས་པའི་ཁྲོད་རྨས་སྐྱོན་ཐེབས་པ་དང་། དེ་ནས་འཇུ་བཟུང་བྱས་ཏེ་བཀག་བསྐྱིལ་བྱས་ཡོད་པའི་ཤུག་པ་སྡེ་བའི་སྐྱེས་པ་བློ་ལ་བཟང་གིས་རྒྱ་གཞུང་གི་མནར་གཅོད་ལ་ངོ་རྒོལ་ཆེད་བཀག་བསྐྱིལ་ཁང་དུ་རང་ཤི་བརྒྱབ་འདུག དེ་བཞིན་ཉིན་འདིར་ཉེ་ཆར་དྲག་གནོད་ཁྲོད་རྨས་མར་གྱུར་པའི་རང་ལོ་ ༢༢ ཅན་གྱི་སྐྱེས་པ་ཞིག་ཀྱང་འདས་གྲོངས་ཕྱིན་འདུག སྤྱིར་བཏང་ཤུག་པ་སྡེ་པའི་ནང་མི་གྲངས་ ༧༠༠ ཙམ་ཡོད་པ་ལས་སྐྱེས་པ་ལོ་ན་༡༢ ཡན་ཆད་ནས། རྒན་ཁོག་ལོ་རྒན་མན་ཆད་ཆ་ཚང་འཇུ་བཟུང་བྱས་ཏེ་ལོ་ཕྱུག་ཏུ་བཀག་བསྐྱིལ་བྱས་ཟིན་འདུག དེའི་ནང་ཤུག་པ་མེ་རུ་དགོན་པའི་སྒྲུབ་དཔོན་ཀརྨ་རིན་ཆེན་སོགས་ཀྱང་བཅུག་ཟིན་ཡོད་པ་རེད།
བཀག་བསྐྱིལ་བྱས་པ་རྣམས་དང་པོ་ལོ་ཕྱུག་གི་བཙོན་ཁང་དུ་བཅུག་པ་དང་། དེའི་ནང་མ་ཤོང་པ་རྣམས་སྨན་ཁང་གསར་པའི་ནང་བཀག་ཉར་བྱས་ཡོད་འདུག ད་ལྟ་ཤུག་པ་གྲོང་སྡེ་རུ་རྒན་རྒོན་འགའ་ཤས་དང་། བྱིས་པ་ཁ་ཤས་ཤིག་ངུ་འབོད་བྱེད་བཞིན་ལྷག་ཡོད་པ་ལས་གྲོང་སྡེ་ཡོངས་སྟོང་སེང་སེང་གྱུར་ཡོད་འདུག ཁ་སྔོན་ཕྱི་ཚེས་ ༡༢ ནས་འཛིན་བཟུང་བྱས་པའི་བོད་ ༢༥ ཡི་མཚན་ཐོ་འབྱོར་བ། ༡་བློ་དཔལ་བཟང་། ༢་པདྨ་རྒྱལ་ལོ། ༣་ཡོན་ཏན་སྐྱབས། ༤་བཀྲ་དགའ། ༥་ཀུན་དགའ་བསྟན་འཛིན། ༦་ཟླ་བ་བཀྲ་ཤིས། ༧་ཀརྨ་བཀྲ་ཤིས། ༨་བཀྲ་ཤིས་མགོན་པོ། ༩་ཀུན་དགའ་ཤེས་རབ། ༡༠་ཡེ་ཤེས། ༡༡་འཇམ་དབྱངས་བསོད་ནམས། ༡༢་བཀྲ་ཤིས། ༡༣་ཚེ་རིང་། ༡༤་རྒྱ་ལུག ༡༥་ཐུབ་བསྟན་ཆོས་འཕེལ། ༡༦་བླ་སྐྱབས། ༡༧་དབང་ཆེན། ༡༨་བུ་མོ། ༡༩་མཚོ་རྒྱལ། ༢༠་སྦུ་རྒྱལ། ༢༡་དབྱངས་ཅན་ལྷ་མོ། ༢༢་ཚེ་སྐྱབས་དབང་མོ། ༢༣་ཡེ་ཤེས་སྒྲོན་མ། ༢༤་དབྱངས་ཅན་དཔལ་མོ། ༢༥་ཀརྨ་རིན་ཆེན་བཅས་འདི་དག་ཕལ་ཆེ་བ་ཉེ་ཆར་དྲག་གནོད་ཁྲོད་རྨས་སྐྱོན་ཐེབས་པ་ རྣམས་ཡིན་པ་དང་། རྨས་མ་རྣམས་དང་པོ་སྐྱེ་དགུ་སོགས་སྨན་ཁང་ནང་ཁྱེར་ནས་སྨན་བཅོས་བྱས་ཡོད་ནའང་། དེ་རྗེས་ཚང་མ་ཕྱིར་འདན་མ་རུ་ཁྲིད་ནས་ད་ལྟ་སྨན་བཅོས་ཀྱི་གོ་སྐབས་འཕྲོགས་ཏེ་ བཀག་བསྐྱིལ་བྱས་འདུག དེ་བཞིན་དཔོན་དབང་དྲག་གི་བུ་ཀུན་དགའ་ཤེས་རབ་སོགས་ཁག་ཅིག་གི་ལུས་སྟེང་ནས་མདེལ་མགོའང་ ཕྱིར་བཏོན་རོགས་མ་བྱས་པར་བཞག་འདུག་པས། དཔོན་གྱི་བུ་ད་ལྟ་ཛ་དྲག་གནས་སུ་ལྷུང་ཡོད་པ་རེད། བཀག་ཉར་བྱས་པ་རྣམས་ལ་ཕྱི་ཕྱོགས་ནས་སུས་ཀྱང་འབྲེལ་བཏུག་མི་ཆོག་པ་དང་། རྨས་མ་རྣམས་ལ་ནད་གཡོག་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་བཀག་བསྐྱིལ་བྱས་ ཡོད་པ་རེད་འདུག