གྲོས་ཚོགས་དང་རྙོག་གླེང་།

ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་པའི་ཐོག་གླེང་གཞི་ཞིག་ལས་འཕྲོས་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་ཡིས་ཚོགས་ཐོག་ནས་ཕྱིར་ཕེབས་དགོས་པའི་གནས་ཚུལ་བྱུང་བ་དང་། ཚོགས་རའི་རྣམ་པ་དངོས་སུ་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་ཐད་གཏོང་བྱེད་བཞིན་ཡོད་སྟབས། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྙོག་གླེང་དེ་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་བྱུང་ཡོད་ཀྱང་། མང་ཤོས་ཤིག་ནི་ཆོལ་ཁ་ཆོས་ལུགས་ཀྱི་རྗེས་སུ་འབྲངས་ཏེ་མི་གཞིར་དམའ་འབེབས་དང་སྐུར་འདེབས། དེ་བཞིན་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་རང་ཉིད་ཀྱི་སེམས་ཚོར་བརྗོད་པ་ཙམ་ལས། དངོས་ཡོད་ལ་གཞིགས་ཏེ་བློ་གཟུ་བོའི་སྐད་ཆ་བཤད་མཁན་དང་ཡི་གེ་འབྲི་མཁན་ཞིག་ཧ་ལམ་དཀོན་པ་མ་ཟད། རྒྱུ་མཚན་དང་གནས་ལུགས་ཡང་དག་གི་ལམ་ནས་དཔྱད་བརྗོད་བྱས་པའང་མ་མཐོང་།

དྲ་འདྲེ།
ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་པའི་ཐོག་གླེང་གཞི་ཞིག་ལས་འཕྲོས་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་ཡིས་ཚོགས་ཐོག་ནས་ཕྱིར་ཕེབས་དགོས་པའི་གནས་ཚུལ་བྱུང་བ་དང་། ཚོགས་རའི་རྣམ་པ་དངོས་སུ་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་ཐད་གཏོང་བྱེད་བཞིན་ཡོད་སྟབས། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྙོག་གླེང་དེ་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་བྱུང་ཡོད་ཀྱང་། མང་ཤོས་ཤིག་ནི་ཆོལ་ཁ་ཆོས་ལུགས་ཀྱི་རྗེས་སུ་འབྲངས་ཏེ་མི་གཞིར་དམའ་འབེབས་དང་སྐུར་འདེབས། དེ་བཞིན་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་རང་ཉིད་ཀྱི་སེམས་ཚོར་བརྗོད་པ་ཙམ་ལས། དངོས་ཡོད་ལ་གཞིགས་ཏེ་བློ་གཟུ་བོའི་སྐད་ཆ་བཤད་མཁན་དང་ཡི་གེ་འབྲི་མཁན་ཞིག་ཧ་ལམ་དཀོན་པ་མ་ཟད། རྒྱུ་མཚན་དང་གནས་ལུགས་ཡང་དག་གི་ལམ་ནས་དཔྱད་བརྗོད་བྱས་པའང་མ་མཐོང་།

དོན་དངོས་སུ་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་གྲོས་ཚོགས་ར་བའི་ནང་དུ་སྐད་ཆ་དེ་བྱུང་བ་དང་། སྐད་ཆ་དེར་རྒྱུ་མཚན་དང་གནས་ལུགས་ག་ཚོད་ཅིག་ཡོད་དམ་ཞེས་པ་ནི་ཁ་ཚ་དགོས་གཏུག་དང་དོན་དངོས་ཀྱི་དཔྱད་གཞི་ཞིག་ཆགས་ཡོད། གྲོས་ཚོགས་སུ་སྐད་ཆ་དེ་འདྲ་ཞིག་ཐོག་མར་གླེང་སློང་དགོས་པའི་ཐད་ཀར་གྱི་རྒྱུ་རྐྱེན་གཙོ་བོ་ནི། གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆཪ་སྐབས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ང་ཚོ་དབུས་གཙང་ཆོལ་ཁ་ནི་དབུ་མའི་ལམ་དང་སྲུང་མ་བསྟེན་ཕྱོགས་གཉིས་ཐད་ནས་ལངས་ཕྱོགས་གཅིག་གི་ཐོག་ཏུ་བསྐྱོད་བཞིན་ཡོད་ཅེས་བརྗོད་པ་ལས་འཕྲོས་ཏེ། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་རྒྱལ་བའི་བཀའ་དྲིན་རྗེས་དྲན་མཆོག་ནི་༧གོང་ས་མཆོག་གིས་གང་གསུངས་པ་དེ་ལག་བསྟར་བྱ་རྒྱུ་དེ་ཡིན་པ་དང་། མཆོད་པའི་ཡན་ལག་བདུན་ལས་དང་པོ་གཤགས་པའི་མཆོད་པ་ནས་འགོ་བརྩམས་ཏེ་རང་ཉིད་ཀྱི་ནོར་འཁྲུལ་ལ་བཤགས་པ་ཕུལ་རྒྱུ་གལ་ཆེ་ཡིན་སྐོར་བརྗོད་དེ། ང་ཚོ་སྡོད་སའི་བོད་པའི་སྤྱི་ཚོགས་འདིའི་ནང་ལྐོག་ཟ་རུལ་སུངས་དང་སྤྱི་རྒྱུ་སྒེར་བདག མི་གསོད་ཁྲག་སྦྱོར་བྱེད་མཁན་ཡོད་པ་མ་ཟད། གྲོས་ཚོགས་ར་བ་འདིའི་ནང་དུའང་ཡོད་ཅེས་པ་ནི་ཚོགས་གཙོ་དགོངས་ཞུའི་གཞི་རྩ་དང་། དེའི་རྗེས་སུ་སྤྱི་འཐུས་ཚོགས་གཙོས་གོང་གི་དོན་ཚན་གསུམ་ལ་གསལ་བཤད་མེད་པ་ཡིན་ན། གྲོས་ཚོགས་ལས་རིམ་གྱི་དེབ་ཐེར་ནས་ཕྱིར་འཐེན་བྱ་རྒྱུའི་རེ་སྐུལ་གནང་དགོས་བྱུང་པའི་རྒྱུ་མཚན་གཙོ་བོ་ཡང་ཡིན།

དེའི་ཕྱི་ཉིན་ཁྲིམས་ཞིབ་ཁང་གི་སྔོན་རྩིས་སྐོར་བགྲོ་གླེང་བྱུང་སྐབས། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གསལ་བཤད་ཚུལ་དུ་གོང་གི་དོན་ཚན་རེ་རེར་དཔེ་མཚོན་དང་འབྲེལ “སྤྱི་རྒྱུ་སྒེར་བདག་དང་། ལྐོག་ཟ་རུལ་སུངས། དེ་བཞིན་མི་གསོད་ཁྲག་སྦྱོར”་བཅས་གསུམ་ལ་འགྲེལ་བརྗོད་བྱས་པའི་ནང་། སྤྱི་རྒྱུ་སྒེར་བདག་ནི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་ནས་བཅད་ཁྲ་བཏང་གྲུབ་པ་དང་། འབྲེལ་ཡོད་རྒྱ་གར་ཁྲིམས་ཁང་ནས་ཀྱང་བཙན་བྱོལ་བོད་མའི་ཁྲིམས་ཁང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཡོད་ལ། སྤྱི་རྒྱུ་སྒེར་བདག་གི་རྙོག་གླེང་དང་འབྲེལ་བའི་སྤྱི་འཐུས་དོ་བདག་གྲོས་ཚོགས་སུ་ཡོད་པའང་དངོས་ཡོད་ཡིན། ལྐོག་ཟ་རུལ་སུངས་ཀྱང་སྤྱི་འཐུས་ཟུར་པ་སྒྲོལ་དཀར་ལྷ་མོས་བུད་མེད་ཚོགས་པའི་མ་དངུལ་ལྐོག་ཟ་བྱས་པའིི་གནས་ཚུལ་ཚོགས་པ་དེའི་ངོས་ནས་གསལ་བསྒྲགས་སྤེལ་མྱོང་བ་མ་ཟད། རྗེས་སུ་སྤྱི་འཐུས་ཀྱི་ལས་གནས་ལས་དགོངས་ཞུ་ཡིས་མདོ་སྨད་ཆོལ་ཁའི་བར་མའི་འོས་བསྡུ་བྱ་དགོས་བྱུང་ཡོད་སྟབས། གོང་གི་དོན་ཚན་གཉིས་ནི་གཞི་འཛིན་ས་མེད་པའི་དཀྲོག་གཏམ་ཙམ་མ་ཡིན་པར་བདེན་པ་ར་སྤྲོད་ཅིག་ཆགས་ཡོད། གནད་དོན་མཐའ་མ་དེ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཚོགས་ཐོག་ནས་དགོངས་ཞུ་བྱས་ཏེ་ཕེབས་དགོས་པའི་ཐུག་ས་གཙོ་བོ་ཡིན་ཞིང་། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཐད་ཀར་སྤྱི་འཐུས་ཚོགས་གཙོ་ལ་མི་གསོད་ལག་དམར་བ་ཡིན་པའི་སྐྱོན་འཛུགས་བྱས་མེད་ཀྱང་། ཚོགས་གཙོ་མཆོག་ལ་ཕོག་སོང་བ་བཞིན་དོན་དངོས་སུའང་ཚོགས་གཙོར་བརྗོད་པ་ཡིན་པ་ནི། ཁོང་གིས་དེའི་གསལ་བཤད་ནང་།གྲོས་ཚོགས་སྐབས་བཅུ་གསུམ་པའི་སྐབས། མི་གསོད་ཁྲག་སྦྱོར་གྱི་རྙོག་གླེང་དང་འབྲེལ་བའི་བཀའ་བློན་ལ་ཕེབས་མ་ཐུབ་པའི་གང་ཟག་དེ་གྲོས་ཚོགས་འདིའི་ནང་ཡོད། ངས་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་པ་བཞིན། དོན་དངོས་སུའང་དེ་ལྟར་བྱུང་མྱོང་བ་ནི་ཚང་མར་རྒྱུས་མངའ་ཡོད་པའི་བདེན་གཏམ་ཞིག་རེད། དེ་ལྟར་ནའང་ཉེས་འཛུགས་དང་གླེང་སློང་བྱུང་མྱོང་བ་ཙམ་གྱིས་ཉེས་ཅན་པ་ཡིན་པའི་སྒྲུབ་བྱེད་ཡང་དག་ཏུ་མི་འགྲོ་ཞིང་། དེར་བརྟེན་ནས་ཚོགས་གཙོ་མཆོག་ལག་དམར་བ་ཆགས་འགྲོ་བ་ཞིག་ཀྱང་མིན། གྲོས་ཚོགས་སུ་གང་བཤད་པ་ཐམས་ཅད་ཁྲིམས་ཐོག་ནས་ཐག་གཅོད་དང་གཏན་ལ་ཕབ་པ་ཞིག་ཡིན་དགོས་མིན་ཡང་མི་ཤེས། ཚོགས་གཙོས་བརྒྱུད་ལམ་གཞན་དག་ནས་ཁྲིམས་གཏུག་བྱ་ཆོག་གི་ཡོད་སྐོར་གསུངས་པ་བཞིན། གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་ལ་གཏུག་ཆོག་གི་མེད་པ་ཡིན་ནའང་། གལ་ཏེ་ཚོགས་གཙོ་མཆོག་གིས་ཁྲིམས་གཏུག་གི་ལམ་ནས་དཀར་ནག་དབྱེ་འབྱེད་བྱ་འདོད་པ་ཡིན་ན། གྲོས་ཚོགས་ནང་གི་སྐད་ཆ་ཙམ་མ་ཡིན་པར་སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པའི་དེབ་གཟུགས་སུའང་འཁོད་ཡོད། དེ་ལྟར་ནའང་ཚོགས་གཙོས་དགོངས་པ་ཆེ་བཞེས་ཀྱིས་དགོངས་ཞུ་ཕྱིར་འཐེན་གནང་བ་བཞིན། རབ་ཏུ་བྱུང་ན་རང་རེའི་སྤྱི་ཚོགས་ནང་དུ་བཤད་ཡམས་ཡོད་པའི་སྐད་ཆ་དེའི་རིགས་བདག་པོ་མ་བརྒྱབ་ན་བཟང་།

ཚིག་བརྒྱ་མདོར་དྲིལ་ན། རང་རེའི་སྤྱི་ཚོགས་དང་གྲོས་ཚོགས་ནང་གི་གནས་སྟངས་ཐེར་འདོན་བྱེད་མཁན་གྱི་སྤྱི་འཐུས་ཁོང་ཉིད་ཡིན་ནའང་། དཀྲུག་ཤིང་སློང་བ་ལྟར་བསམ་གཞིགས་རྩ་བ་ནས་མ་བྱས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་གཏན་ནས་ཡིན་མི་སྲིད་ཅིང་། མི་མང་གི་ཚབ་མཚོན་གྱི་འཐུས་མི་ཞིག་ཡིན་སྟབས་མ་མཐའ་ཡང་དྲང་བདེན་གཞི་ལ་བཞག་སྟེ། སྤྱི་དོན་ཞིག་གི་ཕྱིར་དུ་ཅི་མི་སྙམ་པར་གདོང་ལ་བུད་དེ་བཤད་པ་དང་། མི་གཞན་གྱི་ངོ་གདོང་རྐྱང་པར་སྲུང་སྟེ་དྲང་བདེན་གྱི་ཕྱིར་དུ་དོགས་སློང་བྱེད་མི་ཕོད་མཁན་གྱི་འཐུས་མི་ཞིག་མིན་པའི་ཡིད་ཆེེས་ཡོད། གཞན་རང་རེའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་རང་དོན་ཁོ་ན་དོན་དུ་གཉེར་ཏེ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་གྱི་ཁེ་ཕན་རིང་ལུགས་པའང་ཉུང་ཉུང་གཏན་ནས་མིན་ལ། སྐད་ཆ་ཐད་ཀར་དང་བདེན་པ་བཤད་མཁན་ཞིག་ཡིན་ན་སྤྱི་ཚོགས་ནང་དུ་ལྟ་སྟངས་ཡག་པོ་མེད་པར། མང་པོ་ཞིག་གིས་སྐྱོན་བརྗོད་དང་དམའ་འབེབས། སྐུར་འདེབས་བྱ་སའི་ཁ་གཏད་ཆགས་འགྲོ་བ་བཞིན། ཐེངས་འདིའི་གྲོས་ཚོགས་ནང་གི་གླེང་གཞི་ཙམ་དང་འབྲེལ་ནས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཕྱོགས་གཉིས་ཀྱི་བསམ་ཚུལ་འདྲ་མིན་མང་པོ་ཞིག་སླེབས་བཞིན་པ་མཐོང་རྐྱེན། བློ་གཟུ་བོར་གནས་པའི་ཚུལ་གྱིས་རང་ཉིད་ཀྱི་བསམ་ཚུལ་ཙམ་འདིར་སྤེལ་བ་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།