ཨི་ཇིབ་ཀྱི་སྲིད་འཛིན་ཟུར་པ་ལ་སྲོག་ཁྲིམས་བཅད།
ཨི་ཇིབ་ཁྲིམས་ཁང་ནས་ཕྱི་ལོ་༢༠༡༡ ལོའི་གཞི་རྒྱ་ཆེ་བའི་བཙོན་པ་བྲོས་བྱོལ་དོན་རྐྱེན་གྱི་ཉེས་འཛུགས་འོག སྲིད་འཛིན་གྱི་གོ་གནས་ལས་ཕབ་པའི་སྲིད་འཛིན་ཟུར་པ་མར་སི་ལ་སྲོག་ཁྲིམས་བཅད་ཡོད་པ་རེད།
ཨི་ཇིབ་ཁྲིམས་ཁང་ནས་ཕྱི་ལོ་༢༠༡༡ ལོའི་གཞི་རྒྱ་ཆེ་བའི་བཙོན་པ་བྲོས་བྱོལ་དོན་རྐྱེན་གྱི་ཉེས་འཛུགས་འོག སྲིད་འཛིན་གྱི་གོ་གནས་ལས་ཕབ་པའི་སྲིད་འཛིན་ཟུར་པ་མར་སི་ལ་སྲོག་ཁྲིམས་བཅད་ཡོད་པ་རེད།
དེའི་སྔོན་དུ་མར་སི་ཡིས་སྲིད་དབང་བཟུང་བའི་སྐབས་ངོ་རྒོལ་བ་རྣམས་དྲག་གནོན་དང་འཇུ་བཟུང་གི་བཀའ་རྒྱ་བསྒྲགས་པའི་ཉེས་མིང་འོག ཁོང་ལ་ལོ་༢༠ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཉེ་ཆར་ཨི་ཇིབ་ཁྲིམས་ཁང་ནས་སྲོག་ཐོག་གི་ཁྲིམས་ཐག་བཅད་དེ། ད་ལྟ་ཆེས་མཐོའི་ཆོས་དོན་ལྷན་ཁང་ནས་སྲོག་ཁྲིམས་ཀྱི་ཆེས་མཐའ་མའི་ཐག་གཅོད་བྱ་རྒྱུར་སྒུག་ཡོད་པ་དང་། གལ་སྲིད་བཀའ་ཁྲོལ་ཐོབ་ན་སྲོག་ཁྲིམས་ལག་བསྟར་བྱ་ཆོག་གི་ཡོད་པ་རེད།
མར་སི་ཕྱི་ལོ་༢༠༡༣ ལོའི་ཟླ་༧ པའི་ནང་དམག་ཕྱོགས་ནས་བཙན་དབང་གིས་སྲིད་འཛིན་གྱི་གོ་གནས་ལས་ཕབ་པ་དང་། སྐབས་དེར་ཨི་ཇིབ་ནང་དུ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཏེ། ཁོང་གི་དབང་བསྒྱུར་ལ་ངོ་རྒོལ་དྲག་པོ་བྱས་ཡོད་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཨི་ཇིབ་བདེ་སྲུང་དཔུང་ཁག་བར་ཟིང་འཁྲུག་ཀྱང་བྱུང་ཡོད།
མར་སི་སྲིད་འཛིན་གྱི་གོ་གནས་ལས་ཕབ་པའི་རྗེས། ཨི་ཇིབ་གཞུང་གིས་མར་སི་ཡི་ཕྱོགས་གཏོགས་ཁ་ཆེ་སྤུན་ཟླ་ཚོགས་པའི་ལས་འགུལ་ཁྱོན་ཡོངས་ནས་བཀག་སྡོམ་བྱས་པ་མ་ཟད། ཁོང་གི་རྒྱབ་སྐྱོར་བ་སྟོང་ཕྲག་ཁ་ཤས་འཇུ་བཟུང་བྱས་ཡོད་པ་རེད།
སྲིད་འཛིན་ཟུར་པ་མར་སི་ཡི་རྒྱབ་སྐྱོར་རྣམས་ཀྱིས། མར་སི་ལ་ཁྲིམས་ཐག་བཅད་པ་དེ་ནི་ཆབ་སྲིད་ཀྱི་སྐུལ་སློང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དམག་གིས་སྲིད་དབང་འགོ་རྟིང་སློག་པ་དེ་ཁྲིམས་མཐུན་ཅན་དུ་བསྒྱུར་ཐབས་བྱས་པ་ཞིག་རེད་ཅེས་བརྗོད་བཞིན་ཡོད་འདུག
མར་སི་ནི་ཨི་ཇིབ་མི་མང་གིས་འོས་ཤོག་བླུགས་ཏེ་འདེམས་ཐོན་བྱུང་བའི་སྲིད་འཛིན་ཐོག་མ་དེ་ཡིན་ནའང། ཁོང་གིས་སྲིད་དབང་བཟུང་སྟེ་ལོ་གཅིག་མ་འགོར་པའི་ནང་། རང་ཉིད་ཀྱི་དབང་ཆ་ཚད་བརྒལ་གྱིས་སྲ་བརྟན་དུ་བཏང་པར་བརྟེན། ཁོང་ལ་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།
ཕྱི་ལོ་༢༠༡༤ ལོའི་ཟླ་༥ པའི་ནང་། ཨི་ཇིབ་ཀྱི་དམག་དཔོན་ཟུར་པ་སེ་ཐི་ལ་རྒྱལ་ཡོངས་འོས་བསྡུའི་སྐབས་འོས་མང་ཤོས་ཐོབ་སྟེ། ཨི་ཇིབ་ཀྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།