ལྕམ་ཧི་ལ་རི་ཡི་སྲིད་འཛིན་ཕུགས་བསམ་དང་ཐེབས་རྩ་ཁང་གི་རྙོག་གླེང་།
ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར་སྒྲིག་བྱས།
ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཆེད་ལྕམ་ཧི་ལ་རི་ཕྱོགས་གང་སར་བསྐྱོད་བཞིན་པའི་སྐབས་འདིར། ཁི་ལི་ཌོན་ཐེབས་རྩ་ཁང་གི་རྙོག་གླེང་དོན་རྐྱེན་མུ་མཐུད་ཕྱིར་གྱར་བཞིན་པ་དང་།
ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར་སྒྲིག་བྱས།
ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཆེད་ལྕམ་ཧི་ལ་རི་ཕྱོགས་གང་སར་བསྐྱོད་བཞིན་པའི་སྐབས་འདིར། ཁི་ལི་ཌོན་ཐེབས་རྩ་ཁང་གི་རྙོག་གླེང་དོན་རྐྱེན་མུ་མཐུད་ཕྱིར་གྱར་བཞིན་པ་དང་། སྤྱི་མཐུན་ཚོགས་པའི་གནོན་ཤུགས་འོག་ཟླ་འདིའི་ཕྱི་ཚེས་༢༦ ཉིན། ཁི་ལི་ཌོན་ཐེབས་རྩ་ཁང་གིས་“དཔྱ་ཁྲལ་བསྡུ་ཕྱོགས་ལ་ནོར་འཛོལ་བྱུང་པའི”་ངོས་ལེན་བྱས་དགོས་བྱུང་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་གྷན་ཀི་རི་ཆི་(Gingrich) ཡིས་ཡོངས་གྲགས་ཐོག་ཧི་ལ་རི་ཡིས་“གནད་དོན་དེར་ལན་འདེབས་ཁ་གསལ་དགོས་པའི་”རེ་སྐུལ་བྱས་ཡོད། གནད་དོན་དབྱེ་ཞིབ་པ་ཧ་ཅང་མང་པོ་ཞིག་གིས། ཁི་ལི་ཌོན་ཐེབས་རྩ་ཁང་གི་ཕྱིའི་རྒྱལ་ཁབ་ཀྱི་ཞལ་འདེབས་རྙོག་གླེང་དེ། ཕྱི་ལོ་༢༠༡༦ ལོའི་ལྕམ་ཧི་ལ་རི་ཡི་སྲིད་འཛིན་འོས་འདེམས་ཀྱི་འགལ་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱེད་བཞིན་པ་དང་། གསར་འགྱུར་བརྒྱུད་ལམ་ཁ་ཤས་ཤིག་གི་ནང་། ཧི་ལ་རི་ཡི་སྲིད་འཛིན་གྱི་ཕུགས་བསམ་དེ་རྒྱང་ཐག་རིང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
“ཁི་ལི་ཌོན་ཐེབས་རྩ་ཁག་གིས་དཔྱ་ཁྲལ་བསྡུ་ཕྱོགས་ལ་ནོར་འཛོལ་བྱུང་བའི་ངོས་ལེན་བྱས་ཡོད་པ་དང་།” ཨ་རིའི་སྐུད་ལྡན་བརྙན་འཕྲིན་གསར་འགྱུར་དྲ་བས་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གནས་ཚུལ་སྤེལ་བའི་ནང་། ཁ་གཏད་ཆབ་སྲིད་ཚོགས་པའི་གནོན་ཤུགས་འོག ཁི་ལི་ཌོན་ཐེབས་རྩ་ཁང་གི་འཛིན་སྐྱོང་འགན་འཛིན་མཱོ་ར་ཕེ་རི་(Mora Parry) ཡིས་གསལ་བསྒྲགས་སྤེལ་ཏེ། ཡོངས་གྲགས་ཐོག་ཁས་ལེན་བྱས་དགོས་བྱུང་ཡོད་ཅིང་། ཁོང་གིས་གསལ་བསྒྲགས་ནང་“ང་ཚོས་ནང་ཁུལ་དུ་ཞིབ་འཇུག་མཐིལ་ཕྱིན་བྱས་པ་བརྒྱུད། ནོར་འཁྲུལ་ཁ་ཤས་ཤོར་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ད་ལྟ་ང་ཚོས་དངོས་སུ་མགྱོགས་མྱུར་ངང་ཆད་ལྷག་ཁ་གསབ་བྱ་ཐབས་བྱེད་བཞིན་ཡོད་ལ། བསྐྱར་དུ་མཉམ་འབྲེལ་སྲིད་གཞུང་ལ་ཁྲལ་ཐོའི་ཡིག་ཆ་ཁག་གཅིག་འབུལ་རྒྱུ་ཡིན་པ་མ་ཟད། བསྐྱར་དུ་ནོར་འཁྲུལ་དེའི་རིགས་མི་འབྱུང་བའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན། ཁོང་གིས་མུ་མཐུད་དུ། ཉེ་བའི་ལོ་ཤས་ནང་ཐེབས་རྩ་ཁང་གི་གཞི་རྒྱ་མུ་མཐུད་ཆེ་རུ་འགྲོ་བཞིན་པ་དང་། གཞི་རྒྱ་ཆེ་བའི་ཚོགས་པ་དང་སྒྲིག་འཛུགས་གཞན་དག་དང་འདྲ་བར། ནོར་འཁྲུལ་ཁ་ཤས་བྱུང་བར་འགོག་ཐབས་མེད་པ་ཞིག་རེད་”ཅེས་བརྗོད་འདུག
ཁི་ལི་ཌོན་ཐེབས་རྩ་ཁང་གིས་དཔྱ་ཐོ་ལ་ནོར་འཛོལ་བྱུང་བའི་ཁས་ལེན་བྱས་པ་ཡིས། སྤྱི་མཐུན་ཚོགས་པར་སྐྱོན་འདོགས་ཀྱི་གཞི་རྩ་འཕར་མ་སྤྲད་པ་ཞིག་ཡིན་པ་དང་། ཕྱི་ཚེས་༢༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་གྷན་ཀི་རི་ཆི་ལགས་ཨ་རིའི་རྒྱང་བསྒྲགས་ལས་ཁུངས་ཀྱི་ཆབ་སྲིད་གླེང་མོལ་ལེ་ཚན་དུ་གདན་ཞུ་ཡིས་མཉམ་ཞུགས་བྱེད་སྐབས། ཁོང་གིས་ཐད་ཀར་ཁི་ལི་ཌོན་ཐེབས་རྩ་ཁང་གིས་གནད་དོན་དེའི་ཐད་ཡ་ཡོལ་དང་སྦ་གསང་བྱས་པར་སྐྱོན་བརྗོད་དང་། ལྕམ་ཧི་ལ་རི་ཡིས་ལན་འདེབས་ཁ་གསལ་དགོས་པའི་རེ་སྐུལ་བྱས་ཡོད་པ་མ་ཟད། ཁོང་གིས་“ཁི་ལི་ཌོན་ཐེབས་རྩ་ཁང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཞལ་འདེབས་ཐད་ཀར་བླངས་ཡོད་ལ། སྐབས་དེར་ལྕམ་ཧི་ལ་རི་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འགན་ཁུར་ཡོད་སྟབས། དེ་ནི་མངོན་གསལ་དོད་པོའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། གལ་ཏེ་ཕྱི་རྒྱལ་ཁབ་ཀྱི་ལྐོག་རྔན་དེའི་རིགས་ཀྱི་བྱ་སྤྱོད་གོམས་ལོབས་སུ་གྱུར་ན། ཨ་རི་ཁྱོན་ཡོངས་ཀྱི་ངོས་ན་བཤད་ན་ཧ་ཅང་ཉེན་ཁ་ཆེན་པོ་རེད།”
ཟླ་རྗེས་མའི་ཕྱི་ཟླ་༥ པའི་ནང་དཔར་སྐྲུན་བྱ་གཏན་འཁེལ་བའི་ཁི་ལི་ཌོན་ཐེབས་རྩ་ཁང་གི་རྙོག་གླེང་དང་འབྲེལ་བའི་དཔེ་དེབ་རྩོམ་པ་པོ་ཕི་ཊིར་ཞི་ཝེ་ཛར་(Peter Schweizer) ཡང་བརྙན་འཕྲིན་ལེ་ཚན་དེའི་ནང་གདན་ཞུ་བྱས་ཡོད་པ་དང་། ཁོང་གིས་བརྗོད་དོན། “ཁི་ལི་ཌོན་ཐེབས་རྩ་ཁང་གིས་བླངས་པའི་ཉུང་མཐར་ཡང་ཞལ་འདེབས་རིགས་བཅུ་ལྷག་ཨ་རིའི་སྲིད་ཇུས་དང་འབྲེལ་བ་ཆགས་ཡོད་སྟབས། ཐེབས་རྩ་ཁང་དེར་བརྟག་དཔྱད་བྱ་ཆོག་པའི་རྒྱུ་རྐྱེན་འདང་ངེས་ཡོད་པ་མ་ཟད། དེའི་སྔོན་ཁི་ལི་ཌོན་ཐེབས་རྩ་ཁང་གིས་སོ་རྡི་ཨ་རབ་སོགས་དཀྱིལ་ཤར་རྒྱལ་ཁབ་ཁག་ནས་ཞལ་འདེབས་བླངས་པའི་སྐྱོན་བརྗོད་བྱས་ཡོད།”
ཨ་རིའི་<<ཧྥོ་གྷི་སི་གསར་ཁང་>>གིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ལོ་༢༠༡༢ ལོར་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཨོ་བྷ་མས་ཕམ་པར་བརྒྱབ་པའི་སྤྱི་མཐུན་ཚོགས་པའི་འོས་མི་རོམ་ནེ་(Mitt Romney) ཡིས་བརྗོད་དོན། ཨ་རིས་ཨུ་རུ་སུར་ཕྱིར་ཚོང་བྱས་པའི་རྡུལ་ཕྲན་རྒྱུ་རྫས་༡/༥ ཡི་དོན་རྐྱེན་དེ། བལྟས་ཡོང་ན་ལྕམ་ཧི་ལ་རི་ལྐོག་བླུ་བྱས་པའི་གནས་སྟངས་འོག་བྱུང་པ་ལྟ་བུ་ཞིག་རེད། གང་ཡིན་ཞེ་ན། <<ནེའུ་ཡོག་དུས་བབ་>> ཀྱིས་དེའི་སྔོན་དུ་སྤེལ་བའི་གནས་ཚུལ་ལྟར། ཁ་ན་ཌ་རྡུལ་ཕྲན་གཏེར་རྫས་བཟོ་གྲྭ་ཡིས་ཁི་ལི་ཌོན་ཐེབས་རྩ་ཁང་ལ་ཨ་སྒོར་ཁྲི་༢༣༥ ཞལ་འདེབས་ཕུལ་ཡོད་པ་དང་། རྗེས་སུ་བཟོ་གྲྭ་དེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་རྡུལ་ཕྲན་ནུས་ཤུགས་བཟོ་གྲྭས་ཉོ་སྒྲུབ་བྱས་ཡོད། དེར་བརྟེན། ཐེབས་རྩ་ཁང་གིས་ཞལ་འདེབས་དེའི་སྦྱིན་བདག་ངོ་མ་དེ་སུ་ཡིན་མིན་ཕྱིར་ཁྱབ་བསྒྲགས་གཏན་ནས་བྱས་མེད།
ཐེབས་རྩ་ཁང་གི་རྙོག་གླེང་དང་འབྲེལ་བའི་ཨ་རིའི་དཔེ་དེབ་རྩོམ་པ་པོ་ཞི་ཝེ་ཛེ་ཡི་གཏམ་བརྗོད་དེར་ཆེད་དུ་དམིགས་ཏེ། ལྕམ་ཧི་ལ་རི་ཡི་རྒྱབ་སྐྱོོར་ཤོག་ཁག་གི་མགྲིན་ཚབ་པས་བརྗོད་དོན། “ཞི་ཝེ་ཛར་གྱིས་བརྩམས་པའི་དཔེ་དེབ་གསར་པ་དེའི་ནང་དོན་ནི་གཡོ་སྒྱུའི་སྐད་ཆ་ལས་གྲུབ་པའི་རྙོག་འཛིང་ཅན་གྱི་དྲ་བ་ཞིག་ཡིན་པ་ཐེ་ཚོམ་མེད་པ་མ་ཟད། དེའི་རྒྱབ་ཏུ་ཁུངས་སྐྱེལ་ར་སྤྲོད་ཀྱི་བདེན་དཔང་གཅིག་ཀྱང་མེད། ལྕམ་ཧི་ལ་རི་ཡི་ཆབ་སྲིད་མཐུན་གྲོགས་ཁ་ཤས་ཤིག་གིས་བརྗོད་པ་ལྟར། ཞི་ཝེ་ཛར་གྱིས་དེ་སྔར་སྲིད་འཛིན་ཟུར་པ་བྷུ་ཤུ་ཆུང་བའི་ཆེད་དུ་ལས་ཀ་བྱས་མྱོང་བས། ཁོང་གི་ཕྱོགས་ཞེན་རང་བཞིན་མངོན་གསལ་དུ་གྱུར་ཡོད་ལ། དེབ་དེའི་རང་བཞིན་ངོ་མ་དེ་ཤོག་ཁག་བར་གྱི་རྒོལ་འཛིང་ཞིག་རེད།
ཨ་རིའི་<<ནེའུ་ཡོག་གསར་ཁང་>> གིས་ངོས་འཛིན་བྱས་དོན། ཁི་ལི་ཌོན་ཐེབས་རྩ་ཁང་གི་ཞལ་འདེབས་ཀྱི་རྙོག་གླེང་དེ་ཕྱི་ལོ་༢༠༠༩ ནས་སྔ་ལྟས་འཇོག་ཟིན། ལོ་དེར་ལྕམ་ཧི་ལ་རི་ཡིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འགན་ཁུར་པ་དང་། ཁི་ལི་ཌོན་ཐེབས་རྩ་ཁང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཞལ་འདེབས་བསྡུ་ཕྱོགས་ལ་ཚད་བཀག་བཟོས་མེད། སྲིད་དོན་པའི་ཁྲོད་དང་བརྒྱུད་ལམ་ཁག་གི་མིག་ནང་དུ། རེ་འདུན་ཁས་བླངས་པ་ལྟ་བུའི་རྣམ་འགྱུར་དེ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གསང་རྟགས་ཤིག་དང་ཆ་མཚུངས་པ་ཞིག་ཡིན་པས། ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པས་ལྕམ་ཧི་ལ་རི་ལ་གནོན་ཤུགས་ཐེངས་མང་སྤྲད་པ་བརྒྱུད། ཁི་ལི་ཌོན་ཐེབས་རྩ་ཁང་གིས་ཕྱིར་འཐེན་(སེམས་ཆུང་) ཏོག་ཙམ་བྱ་ཐབས་བྱས་ཡོད་ཀྱང་། ལྕམ་ཧི་ལ་རི་ཡིས་ཁས་ལེན་བྱས་མེད།
སན་ཧྥི་རན་སི་སུད་ཀོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ཝེ་ལི་བྷི་རོན་(Willie Brown) གྱིས་ཨ་རིའི་<<སན་ཧྥི་ར་སི་སུད་ཀོ་དུས་ཐོ་ལོ་རྒྱུས་གསར་ཤོག་>> སྟེང་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། ཁི་ལི་ཌོན་ཐེབས་རྩ་ཁང་གི་ཕྱིའི་རྒྱལ་ཁབ་ཀྱི་ཞལ་འདེབས་རྙོག་གླེང་དེ་ལྕམ་ཧི་ལ་རི་ཡི་ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་འོས་འདེམས་ལ་ཚེ་སྲོག་འཕྲོག་པའི་མི་མངོན་པའི་ན་ཚ་ཞིག་ཏུ་གྱུར་ཟིན་པ་དང་། ཁོང་གིས་བལྟས་ཡོང་ན། དེ་དག་ཐམས་ཅད་དཀའ་ངལ་གྱི་འགོ་འཛུགས་བྱེད་པ་ཙམ་ཡིན་ཞིང་། རྗེས་སུ་ཁི་ལི་ཌོན་ཐེབས་རྩ་ཁང་གི་ཕྱིའི་རྒྱལ་ཁབ་ཀྱི་ཞལ་འདེབས་རྙོག་གླེང་དང་འབྲེལ་བའི་ཕྱོགས་གང་སར་ནས་དཀའ་ངལ་དང་། རྙོག་གླེང་ཤུགས་ཆེན་འབྱུང་ངེས་ཡིན་པས། དཀའ་རྙོག་དེ་ནི་“མྱུར་འཕྲིན་ཡིག་སྒམ་དོན་རྐྱེན”་དང་“བྷན་ཧ་ཛི་དམར་གསོད་དོན་རྐྱེན་”ལས་ཀྱང་འཇིགས་སུ་རུང་ཞིང་། གལ་སྲིད་སྤྱི་མཐུན་ཚོགས་པས་གྲོས་ཚོགས་ནང་འདྲི་རྩད་ནན་མོ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་དགོས་བྱུང་པ་ཡིན་ན། མཇུག་འབྲས་བློ་ཡུལ་དུ་མི་ཤོང་བ་ཞིག་ཡོང་རྒྱུ་ཡིན་པ་ཐེ་ཚོམ་མེད། ལྕམ་ཧི་ལ་རི་ཡི་ཁ་ཚ་དགོས་གཏུག་གི་ཉེན་འགོག་ལས་དོན་ནི་རྒྱ་གྲམ་དམར་པོ་ཚོགས་པའི་བྱེད་ཐབས་ལྟར། རང་ཉིད་ཀྱིས་ཕྱི་རྒྱལ་ནས་བླངས་པའི་ཞལ་འདེབས་རེ་རེ་བཞིན་ཡོངས་གྲོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།
ལྕམ་ཧི་ལ་རི་སྔོན་ནས་ཆབ་སྲིད་ཀྱི་རྐུབ་རྡིབ་པའི་རྣམ་སྟངས་འོག་ལུས་ཡོད་ལ། ཆེས་མཐའ་མཇུག་གི་གློ་བུར་བའི་རྡིབ་སྐྱོན་ལ་སྒུག་ཡོད། ཨ་རིའི་<<ནེའུ་ཡོག་གསར་ཤོག་>> སྟེང་ཕྱི་ཚེས་༢༦ ཉིན་དཔྱད་བརྗོད་ཅིག་སྤེལ་ཡོད་པའི་ནང་། དཀྲོག་གཏམ་གྱི་ཁ་ཕྱོགས་དེ་ག་ལེར་དོན་དངོས་ཀྱི་དཀའ་རྙོག་ཅིག་ཏུ་འགྱུར་རྒྱུ་ཡིན་པ་དང་། ཚོད་དཔག་བྱ་ཐུབ་པ་ཞིག་ནི། “མྱུར་འཕྲིན་ཡིག་སྒམ་དོན་རྐྱེན”་དང་“ཐེབས་རྩ་ཁག་གི་དོན་རྐྱེན”་ཕྱིར་གྱར་བའི་རྗེས། ལྕམ་ཧི་ལ་རི་ཡིས་མ་འོངས་པར་བརྒྱུད་ལམ་ཁག་གི་འདྲི་རྩད་ལ་ངེས་པར་དུ་གདོང་གཏད་དགོས་ཁེལ་ཡོད་ཅིང་། ཨ་རིའི་<<ནེའུ་ཡོག་དུས་བབ>>་དང་<<ཝ་ཤིང་ཌོན་གསར་ཤོག>> སོགས་གཙོ་རྒྱུགས་ཀྱི་བརྒྱུད་ལམ་ཁག་“མགོ་གཉིས་ཅན་གྱི་ཁ་གསལ་མ་བྱུང་བའི་གནད་དོན་”ལ་འདོད་པ་ཁྱོན་ནས་ཁེངས་མི་སྲིད། ཁུའེ་ནི་ཕི་ཡ་སློབ་གྲྭ་ཆེན་མོའི་(Quinnipiac) མི་མང་བསམ་ཚུལ་བསྡུ་ལེན་ཁང་གིས་གསར་ཏུ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ཁྲོད། བརྒྱ་ཆ་༥༤% ཡི་མི་མང་གིས་ལྕམ་ཧི་ལ་རི་ནི་ཡིད་རྟོན་མི་རུང་བའི་ཆབ་སྲིད་པ་ཞིག་ཏུ་ངོས་འཛིན་བྱས་ཡོད།།