རྒྱ་ནག་ནི་གསར་འགོད་པ་མང་ཤོས་བཀག་ཉར་བྱེད་མཁན་གྱི་རྒྱལ་ཁབ་རེད་ཟེར།
རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་༡༨༠ ནང་གི་ལོ་འཁོར་གསར་འགོད་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་དེ་མཐའ་མའི་ཨང་རིམ་ལྔ་པའི་ཐོག་བཞག་ཡོད་འདུག
རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་༡༨༠ ནང་གི་ལོ་འཁོར་གསར་འགོད་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་དེ་མཐའ་མའི་ཨང་རིམ་ལྔ་པའི་ཐོག་བཞག་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྒྲིག་འཛུགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་༡༨༠ ནང་གི་གསར་འགོད་རང་དབང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་དེ་ལོ་སྔོན་མ་དང་བསྡུར་ནའང་མར་ཟགས་ཏེ་སྤྱིའི་ཨང་རིམ་༡༧༦ པ་དང་མཐའ་མ་ནས་ཡར་རྩིས་པའི་ཨང་རིམ་༥ པ་ལ་སླེབས་ཡོད་འདུག
རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཁང་གི་ཨ་རིའི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཌེལ་ཧྥི་ནི་(Delphine Halgand)ཡིས་བརྗོད་དོན། “རྒྱ་ནག་ཆེས་མཐའ་མའི་ཨང་རིམ་གྲས་སུ་སླེབས་པའི་རྒྱུ་རྐྱེན་དེ། རྒྱ་ནག་ནི་གསར་འགོད་པ་མང་ཤོས་བཀག་ཉར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་མ་ཟད། བྱེད་ཐབས་སྣ་མང་སྤྱད་དེ་བརྡ་འཕྲིན་བརྒྱུད་ལམ་ལ་ཚོད་འཛིན་བྱེད་བཞིན་ཡོད།” ཁོང་མོས་བརྗོད་པ་ལྟར་ན། རྒྱ་ནག་ནི་སྔར་བཞིན་འཛམ་གླིང་ཐོག་གསར་འགོད་པ་མང་ཤོས་བཀག་ཉར་བྱེད་མཁན་གྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། རྒྱ་ནག་གིས་དྲ་རྒྱའི་རང་དབང་ལ་དམ་དྲག་དང་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ལོ་སྔོན་མའི་ནང་རྒྱ་ནག་གིས་དྲུག་བཞིའི་རྗེས་དྲན་ལས་འགུལ་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐོར་གྱི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་ཞིབ་བཤེར་བྱས་ཡོད། རྒྱ་ནག་ཏུ་གསར་འགོད་པར་འཕྲད་པའི་ཉེན་ཁ་ཆེ་ཤོས་ནི་འཇུ་བཟུང་དང་བཀག་ཉར་ཡིན་ཞིང་། རྒྱ་ནག་གིས་མིག་སྔར་གསར་འགོད་པ་༢༩ ཙམ་བཀག་ཉར་བྱེད་ཡོད་པ་རེད།
ཌེལ་ཧྥི་ནི་ཡིས་བརྗོད་དོན། རྒྱ་ནག་གི་གསར་འགོད་དང་བརྡ་འཕྲིན་རང་དབང་མེད་པ་ལས་རྒྱ་ནག་མི་མང་གི་རང་དབང་ལ་འཇིགས་སྐུལ་ཐེབས་ཡོད་པ་མངོན་ཡོད་ཅིང་། ང་ཚོས་ངེས་པར་ཤེས་དགོས་པ་ཞིག་ནི། གསར་འགོད་པར་འཇིགས་སྐུལ་གྱི་རྒྱབ་ཏུ་དོན་དངོས་ཐོག་རྒྱ་ནག་མི་མང་གི་རང་དབང་ལ་གནོད་འཚེ་ཐེབས་ཡོད།
ཌེལ་ཧྥི་ནི་ཡིས་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན། གསར་འགོད་རང་དབང་སྔར་ལས་ཉམས་ཆག་ཏུ་འགྲོ་བཞིན་པ་ནི་སའི་གོ་ལའི་ཁྱོན་ཡོངས་སུ་མངོན་པའི་རྣམ་པ་ཞིག་ཡིན་པ་དང་། སྙན་ཐོའི་ནང་བརྟག་དཔྱད་བྱས་པའི་རྒྱལ་ཁབ་༡༨༠ ཙམ་གྱི་ཁྲོད། སུམ་ཆ་གཉིས་ཀྱི་རྒྱལ་ཁབ་ཀྱི་གསར་འགོད་རང་དབང་ལོ་སྔོན་མ་དང་བསྡུར་ན་སྡུག་ཏུ་ཕྱིན་ཡོད། གསར་འགོད་རང་དབང་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ས་ཁུལ་གྱི་རྩོད་རྙོག་དང་། ཁ་ཆེའི་རྒྱལ་ཁབ་སོགས་འཇིགས་སྐུལ་སྒྲིག་འཛུགས་ཁག་གི་འཇིགས་སྐུལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་བརྡ་འཕྲིན་རང་དབང་ལ་ཚད་བཀག་བཟོ་བ། སྒེར་གཅོད་སྲིད་གཞུང་གིས་བརྡ་འཕྲིན་ལ་སྟངས་འཛིན་ཤུགས་ཆེ་རུ་གཏོང་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག
ཨ་རིའི་གསར་འགོད་རང་དབང་བང་རིམ་ཀྱང་མར་ཟགས་ཏེ་ཨང་རིམ་༤༩ ལ་སླེགས་ཡོད་ཅིང་། ལོ་སྔོན་མ་དང་བསྡུར་ན་གོ་རིམ་༣ མར་ཟགས་ཡོད་འདུག ཧོང་ཀོང་དེ་གསར་འགོད་རང་དབང་གོ་རིམ་༩ ཟགས་ཏེ་ཨང་རིམ་༧༠ པ་དང་། ཐའེ་ཝན་གོོ་རིམ་༡ མར་ཟགས་ཏེ་ཨང་རིམ་༥༡ པ་ཡིན་པ་རེད།
གསར་འགོད་རང་དབང་སྒྲིག་འཛུགས་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་སྒྲིག་འཛུགས་ཆེས་ཆེ་ཤོས་དེ་ཡིན་པ་དང་། ཕྱི་ལོ་༢༠༠༢ ལོ་ནས་འགོ་བཙུགས་ཏེ་སའི་གོ་ལའི་རྒྱལ་ཁབ་དང་ས་ཁུལ་༡༨༠ ཙམ་གྱི་བརྡ་འཕྲིན་རང་དབང་ཚད་གཞི་ལ་དཔྱད་ཞིབ་བྱེད་བཞིན་ཡོད་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།