རྒྱ་གར་གྱི་ས་ཁུལ་ཁ་ཤས་ནང་ཚ་དྲོད་ཆེ་བའི་རྐྱེན་གྱིས་མི་ཆིག་སྟོང་ལྷག་འདས་གྲོངས་སུ་གྱུར།
གཟའ་འཁོར་སྔོན་མ་ནས་བཟུང་རྒྱ་གར་གྱི་ས་ཁུལ་སོ་སོར་གནམ་གཤིས་ཚ་དྲོད་ཤིན་ཏུ་ཆེ་བ་དང་། ས་ཁུལ་ཁ་ཤས་ནང་གི་ཚ་ཚད་རིམ་པ་°C༥༠ ལ་སླེབས་ཏེ། གཟའ་འཁོར་གཅིག་གི་ནང་ཉུང་མཐར་ཡང་མི་༡༡༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་འདུག
གཟའ་འཁོར་སྔོན་མ་ནས་བཟུང་རྒྱ་གར་གྱི་ས་ཁུལ་སོ་སོར་གནམ་གཤིས་ཚ་དྲོད་ཤིན་ཏུ་ཆེ་བ་དང་། ས་ཁུལ་ཁ་ཤས་ནང་གི་ཚ་ཚད་རིམ་པ་°C༥༠ ལ་སླེབས་ཏེ། གཟའ་འཁོར་གཅིག་གི་ནང་ཉུང་མཐར་ཡང་མི་༡༡༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་འདུག
འདས་གྲོངས་སུ་གྱུར་པ་མང་ཤོས་རྒྱ་གར་ལྷོ་ཕྱོགས་ཏཱ་ལན་ན་གྷ་དང་ཨན་ངྷི་ར་མངའ་སྡེའི་ནང་བྱུང་ཡོད་པ་དང་། གཟའ་སྔོན་མ་ནས་བཟུང་མངའ་སྡེ་དེ་གཉིས་ནང་ཉུང་མཐར་ཉུང་ཡང་མི་༡༡༡༨ ལྷག་ཚ་དྲོད་དང་འབྲེལ་བའི་རྒྱུ་རྐྱེན་འོག འདས་གྲོངས་སུ་གྱུར་ཡོད་འདུག་ལ། གནས་ཚུལ་གཞན་ཞིག་གི་ནང་། ཐེངས་འདིའི་ཚ་རླབས་ཀྱིས་ནུབ་བྷང་གྷ་ལ་དང་ཨོ་རི་སར་མངའ་སྡེའི་ནང་གི་མི་༢༤ ཡི་ཚེ་སྲོག་འཕྲོག་ཡོད་འདུག
རྒྱ་གར་གྱི་ས་ཁུལ་སོ་སོའི་འཕྲོད་བསྟེན་ཚན་པ་ཁག་གིས་ཀྱང་དོགས་ཟོན་བྱས་ཏེ། ཚ་ནད་ཕོག་པ་རྣམས་ལ་དུས་ཐོག་སྨན་བཅོས་བྱ་ཐུབ་པའི་གྲ་སྒྲིག་བྱེད་བཞིན་པ་མ་ཟད། མང་ཚོགས་ལ་སྔ་དྲོའི་ཆུ་ཚོད་༡༠ པ་ནས་དགོང་མོའི་ཆུ་ཚོད་༤ པའི་བར་གང་བྱུང་ཕྱི་ལོགས་སུ་མི་བསྐྱོད་པའི་འབོད་སྐུལ་དང་། རྒྱ་གར་གཞུང་ཕྱོགས་ནས་བརྙན་འཕྲིན་དང་གསར་ལམ་ཁག་བརྒྱུད་མང་ཚོགས་ལ་ཚད་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་བསྒྲགས་བྱེད་པའི་ནང་། དཔེར་ན། ཉི་འོད་བཀབ་བྱེད་ཀྱི་ཞྭ་མོ་སྣ་རིང་ཅན་གོན་པ་དང་ཆུ་མང་ཙམ་བཏུང་དགོས་སྐོར་སོགས་བརྗོད་འདུག་ལ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཀྱི་ཁོངས་སུ་གཏོགས་པའི་འཐུང་ཆུ་མཁོ་འདོན་ས་ཚིགས་ཁག་ཁྱོན་ཡོངས་ནས་སྒོ་ཕྱེ་སྟེ། ཡུལ་མི་རྣམས་ལ་འཐུང་ཆུ་མཁོ་སྤྲོད་བྱེད་བཞིན་པ་རེད།
སྤྱིར་ཏཱ་ལན་གྷ་ན་དང་ཨན་ངྷི་ར་མངའ་སྡེ་གཉིས་ནང་འདི་ལོའི་ཕྱི་ཟླ་༤ པའི་ཟླ་དཀྱིལ་ཙམ་ནས་གནམ་གཤིས་ཚ་དྲོད་ཤིན་ཏུ་ཆེ་ནའང་། མི་གྲངས་མང་ཤོས་གཟའ་འཁོར་སྔོན་མའི་ནང་འདས་གྲོངས་སུ་གྱུར་ཡོད་པ་རེད།
གནས་ཚུལ་ཆེས་ཚབས་ཆེ་ཤོས་ཤིག་རེས་གཟའ་ཟླ་བའི་ཉིན་ཚ་ཚད་རིམ་པ་༤༧ ལ་སླེབས་པའི་ཨོ་རི་སར་མངའ་སྡེའི་ནང་བྱུང་ཡོད་ཅིང་། ས་ཁུལ་དེའི་ནང་ཤི་རྐྱེན་གྲངས་༥༥༡ ཙམ་བྱུང་ཡོད་འདུག
ཨན་ངྷི་ར་མངའ་སྡེའི་ཁྱིམ་མཚེས་ཏཱ་ལན་གྷ་ན་མངའ་སྡེའི་ནང་གཟའ་འཁོར་སྔོན་མར་ཚ་དྲོད་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་འོག་མི་༢༡༥ འདས་གྲོགས་སུ་གྱུར་པ་དང་། གཟའ་འཁོར་སྔོན་མའི་གཟའ་མཇུག་ཙམ་ལ་ཚ་ཚད་རིམ་པ་༤༨ ལ་སླེབས་ཡོད་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་(ཕྱི་ཚེས་༢༥) ཉིན་འདས་པའི་ལོ་གཉིས་ནང་གི་ཚ་ཚད་རིམ་པ་མཐོ་ཤོས་༤༥.༥ ལ་སླེབས་ཏེ། གཟའ་འཁོར་འདིའི་ནང་ཚ་དྲོད་མུ་མཐུད་དུ་ཚད་གཞིའི་དེའི་གཡས་གཡོན་དུ་སྡོད་རྒྱུ་ཡིན་པའི་སྔོན་དཔག་བྱེད་བཞིན་ཡོད་ནའང་། དགའ་འོས་པ་ཞིག་ལ། གཟའ་འཁོར་རྗེས་མའམ་ཕྱི་ཟླ་༦ པའི་ཟླ་འགོར་ལྡི་ལི་རུ་ཆར་བ་འབབ་རྒྱུ་ཡིན་པའི་གནམ་གཤིས་སྔོན་བརྡ་བཏང་འདུག།
གནས་ཚུལ་ནང་ཐོན་པ་ལྟར་ན། ཚ་དྲོད་ལ་བརྟེན་ནས་འདས་གྲོངས་སུ་གྱུར་པའི་ནང་གི་མང་པོ་ཞིག་དབུལ་ཕོངས་ཀྱི་མི་དང་སློང་མོ་བ། སྡོད་གནས་མེད་པའི་འཁྱམ་ཉུལ་བ། དེ་བཞིན་བཟོ་སྐྲུན་དང་ཨར་ལས་ཀྱི་ངལ་རྩོལ་ལས་མི་སོགས་ཡིན་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།