ཚང་མས་འགན་ཁུར་ན་ཆོས་ལུགས་མཐུན་འབྲེལ་ཡོང་ཐུབ་ཀྱི་རེད།

དེ་རིང་དུས་ཞོགས་པར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བའི་ནང་། དུས་དབང་ཐེངས་༣༣ ཐོག་ཕེབས་པའི་ཆོས་ཞུ་བ་མི་གྲངས་འབུམ་གཅིག་ལྷག་གིས། ཕྱི་ལུགས་ལྟར་༧གོང་ས་མཆོག་དགུང་གྲངས་༧༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།

དེ་རིང་དུས་ཞོགས་པར་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བའི་ནང་། དུས་དབང་ཐེངས་༣༣ ཐོག་ཕེབས་པའི་ཆོས་ཞུ་བ་མི་གྲངས་འབུམ་གཅིག་ལྷག་གིས། ཕྱི་ལུགས་ལྟར་༧གོང་ས་མཆོག་དགུང་གྲངས་༧༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།
photo3དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༩ ལ་ཕེབས་པའི་འཁྲུངས་སྐར་ལ་ཁེལ་ཡོད་པར་བརྟེན། ཉིན་དེའི་ཞོགས་པའི་ཆུ་ཚོད་༧ པའི་སྟེང་ལ་དྭགས་ཞི་བའི་ཚལ་ཕྲོ་བྲང་གི་གསུང་ཆོས་ར་བའི་ནང་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་སྟེང་༧གོང་ས་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག་དང་། ལ་དྭགས་ཀྱི་འཐུས་མི། ཨ་རི་བ་རི་ཅར་གྷེ་ཌི དུས་དབང་ཐེངས་༣༣ པའི་ཐོག་ཕེབས་པའི་ཆོས་ཞུ་བ་སོགས་མཉམ་འཛོམས་བྱས་འདུག

མཛད་སྒོའི་ཐོག་མར་སྤྱན་རྒྱ་སྤོས་སྣེས་མདུན་བསུས་ཏེ་༧གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་མཚམས། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་གྲོས་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གྲུབ་མཚམས། ལ་དྭ་ལགས་ནང་ཚོགས་དང་། དགོན་ཚོགས་སོགས་ཀྱི་སྐུ་མགྲོན་ཁག་ཅིག་གིས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་སོང་།
photo4དེ་ནས་༧གོང་ས་མཆོག་གིས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་གསུང་བཤད་གནང་དོན། “དུས་འཁོར་དབང་ཆེན་དང་སྟབས་བསྟུན་ཏེ་ངའི་སྐྱེས་སྐར་ལ་ཁེལ་ཡོད་རེད། དེར་བརྟེན་དེ་རིང་འདིར་ངའི་སྐྱེས་སྐར་ལ་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་འདིར་ཕེབས་མ་ཐུབ་མཁན་དང་། ལྷག་པར་དུ་ལས་དང་སྨོན་ལམ་གྱི་དབང་གིས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་གཞིས་ལུས་རྒྱ་ཆེ་མི་མང་གིས། མངོན་གསལ་དོད་པོས་ངའི་སྐྱེས་སྐར་སྲུང་བརྩི་བྱེད་ཆོག་གི་མེད་ཀྱང་། དུས་རྟག་ཏུ་སེམས་ནང་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པར་སྨོན་ལམ་རྒྱག་གི་ཡོད་རེད། དེ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་སོག་རིགས་དང་རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་ངའི་སྐྱེས་སྐར་ལ་འཚམས་འདྲི་བྱེད་ཀྱི་ཡོད་རེད། དེ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་དང་།

༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “བར་མཚམས་ནས་ང་ཚོ་འདིར་བཙན་བྱོལ་བ་ཆགས་ཏེ་རྒྱ་གར་ནང་རང་དབང་ཆ་ཚང་ཞིག་ལོངས་སྤྱོད་ཐུབ་ཀྱི་ཡོད་པར་བརྟེན། ཡུལ་གྲུ་མང་པོར་སླེབས་ཀྱི་ཡོད་རེད། ང་ས་ཆ་གང་དུ་ཕྱིན་པ་ཡིན་ན་ཡང་། མི་དང་མི་ཐུག་གི་ཡོད་བསམ་པ་ཞིག་མ་གཏོགས། ང་ཨེ་ཤི་ཡའི་མི་ཡིན། ང་བོད་པ་ཡིན། ང་ནང་པ་ཡིན་བསམ་གྱི་མེད། མི་དང་མི་ཐུག་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། རང་བཞིན་གྱིས་གཅིག་གིས་གཅིག་ལ་ཡིད་ཆེས་དང་། གྲོགས་པོ་ཡོང་པ་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་ཡུལ་གྲུ་ཁག་མང་པོར་ངའི་གྲོགས་པོ་ཡོད་རེད། ཁ་ཆེའི་ཆོས་པ་དང་། ཡེ་ཤུ་ཆོས་པ། ཧིན་དྷུ་ཆོས་པ། རྗེའུ་ཆོས་པ་དེ་དང་དེ་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཁག་གི་ནང་གྲོགས་པོ་མང་པོ་ཡོད། དེ་བཞིན་ཆོས་ལུགས་ཁས་མི་ལེན་མཁན་ཚན་རིག་པ་དང་དེ་འདྲའི་ནང་དུ་ཡང་གྲོགས་པོ་མང་པོ་ཡོད། དེ་ཚོ་ཚང་མས་ངའི་སྐྱེས་སྐར་ལ་འཚམས་འདྲི་བྱེད་ཀྱི་ཡོད་རེད། དེ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ནམ་རྒྱུན་མིར་འབྲེལ་བ་བྱེད་སྐབས་དོན་ཚན་གསུམ་གྱི་ཐོག་ནས་འབྲེལ་བ་བྱེད་ཀྱི་ཡོད། དོན་ཚན་དང་པོ་དེ། འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་རེད།  ང་དེའི་ནང་གི་མི་གཅིག་རེད། མི་དུང་ཕྱུར་བདུན་བཅུ་ཡོད་པ་དེ་དག་མི་ཡིན་པ་གཅིག་པ་དང་། བདེ་བ་འདོད་པ་གཅིག་པ། སྡུག་བསྔལ་མི་འདོད་པ་གཅིག་པ་རེད། ཞི་བདེ་འདོད་ཀྱང་སེམས་ལ་རྣམ་རྟོག་འདྲ་མིན་གྱིས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་གཅིག་པ་རེད། དེར་བརྟེན་དམིགས་བསལ་ཆོས་ཀྱི་སྐད་ཆ་བཤད་དགོས་ཀྱི་ཡོད་མ་རེད། མི་ཡིན་པ་གཅིག་པ་རེད། མི་དུང་ཕྱུར་བདུན་ཅུ་དེ་དག་མ་ལས་སྐྱེས་པ་ཤ་སྟག་རེད། མ་གཙོ་བོར་གྱུར་པའི་སོ་སོའི་གཉེན་ཉེ་འབྲེལ་ཚོའི་བརྩེ་བས་བསྐྱངས་ནས་ང་ཚོའི་མི་ཚེ་དེ་འཚར་ལོངས་བྱུང་པ་རེད།  དེར་བརྟེན་ང་རང་ཚོ་ཚང་མར་ལྷན་སྐྱེས་ཀྱི་མི་ཕན་ཚུན་ལ་བརྩེ་བ་ཡོད་རེད། དེར་བརྟེན་མི་སུ་ལ་ཐུག་པ་ཡིན་ན་ཡང་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས། ཚང་མ་སྡུག་བསྔལ་མི་འདོིད་པ་དང་བདེ་བ་འདོད་པ་ཡིན་པར་བརྟེན། རྐྱེན་སྣ་ཚོགས་ཤིག་འཕྲད་པ་ཡིན་ན་ཡང་། སེམས་ཀྱི་བྱམས་བརྩེ་ཟེར་བ་དེ་ཡོད་ན། ཕྱིའི་རྣམ་རྟོག་རུ་འཛིངས་པ་ཡིན་ན་ཡང་སེམས་ཞི་བདེའི་ངང་གནས་ཐུབ་པ་ཞིག་ཡོང་ཐུབ་ཀྱི་ཡོད་རེད། དེར་བརྟེན་རིམ་པ་དང་པོ་དེ་ཡིན། དེ་འབད་བརྩོན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

photo7ཡང་དོན་ཚན་གཉིས་པའི་ཐད་ནས་༧གོང་ས་མཆོག་གིས། “རིམ་པ་གཉིས་པ་དེ། ང་ནང་པའི་ཆོས་པ་ཞིག་རེད། འཛམ་གླིང་འདིའི་ནང་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་བྱམས་བརྩེ་ཉམས་ལེན་དགོས་པ་གཅིག་གྱུར་གྱིས་གསུང་གི་ཡོད་རེད། ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་དེ་འཚེ་བ་མེད་པ་རེད། དེར་བརྟེན་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུང་གི་ཡོད་རེད། བྱམས་བརྩེ་ཉམས་ལེན་ཡོང་བ་ལ་འགལ་རྐྱེན་ཁོང་ཁྲོ་རེད། དེར་བརྟེན་བཟོད་པའི་ཉམས་ལེན་དང་། དེ་བཞིན་གང་ཞིག་གིས་གནོད་པ་བྱས་པ་ཡིན་ན་ཡང་དེ་ལ་འཁོན་ལན་མི་སློག་པ་དེ་ཚོ་གཅིག་པ་རེད། ལྟ་གྲུབ་མི་འདྲ་བ་ཡོད་རེད། མིའི་ཁམས་དང་མོས་པ་མི་འདྲ་བར་ལྟ་གྲུབ་མི་འདྲ་བ་དགོས་ཀྱི་ཡོད་རེད། བསམ་བློ་ཡག་པོ་བཏང་ན་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་དེ་ཚོས་བསླབ་བྱ་གཅིག་གྱུར་རེད། དེར་བརྟེན་གཅིག་གིས་གཅིག་ལ་གུས་བརྩི་བྱས་ཏེ། ཆོས་ལུགས་མཐུན་འབྲེལ་བྱེད་ཐུབ་ཀྱི་རེད། ཆོས་ལུགས་མཐུན་འབྲེལ་ངེས་པར་དུ་དགོས་རེད། ད་ལྟ་འཛམ་གླིང་འདིའི་ཐོག་ཉིན་རེ་བཞིན་ཆོས་དད་ཀྱི་ཐོག་ནས་མི་སྟོང་ཕྲག་མང་པོ་གསོད་རེས་གཏོང་གི་ཡོད་རེད། དེང་སང་འབར་མ་དང་། ཤི་རུ་ལིང་ཀར་ནང་པ་དང་ཁ་ཆེའི་བར་འཁྲིག་པ་རྒྱག་བསྡད་པ་དེ་འདྲ་ཡོང་གི་ཡོད་རེད། ཧ་ལས་པས་ཐབས་སྐྱོབ་པོ་རེད། ངས་ནམ་རྒྱུན་ཟེར་གྱི་ཡོད། ནང་པ་ཚོས་ཁ་ཆེའི་ཆོས་པ་དེ་འདྲར་སྡིང་ཟུག་ཡོང་སྐབས། སངས་རྒྱས་བཅོན་ལྡན་འདས་ཀྱི་ཞལ་རེས་སྒོམ་རོགས་ཟེར་གྱི་ཡོད། བཅོམ་ལྡན་འདས་ཀྱི་ཞལ་རེས་བསྒོམ་ན་རྡུང་རྡེག་མྱོང་པའི་ཉམས་ཐག་པའི་མི་དེ་ཚོར་རྒྱབ་སྐྱོར་གནང་གི་རེད། ང་རང་ཚོ་ཚང་མས་འགན་ཁུར་ན་ཆོས་ལུགས་མཐུན་འབྲེལ་ཡོང་ཐུབ་ཀྱི་རེད། དེར་བརྟེན་རིམ་པ་གཉིས་པ་དེ། ང་ནང་པ་ཞིག་པའི་ངོས་ནས། འཛམ་གླིང་གི་རིས་སུ་མ་མཆིས་པའི་ཆོས་ལུགས་ཚང་མ་མཐུན་འབྲེལ་དམ་གཙང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

མཐར་དོན་ཚན་གསུམ་པའི་ཐད་ནས་༧གོང་ས་མཆོག་གིས། “དོན་ཚན་གསུམ་པ་དེ། ང་བོད་པ་ཞིག་ཆགས་བསྡད་ཡོད་རེད། ལྷག་པར་དུ་བོད་མི་ས་ཡ་དྲུག་གིས་ང་ལ་རེ་བ་རྒྱག་གི་ཡོད་རེད། ཡིད་ཆེས་བྱེད་ཀྱི་ཡོད་རེད། དེར་བརྟེན་རང་བཞིན་གྱིས་སེམས་ཁུར་བྱེད་དགོས་པ་ཞིག་རེད། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རིག་པའི་ལམ་ནས་བརྡར་ཤ་གཅོད་ཐུབ་པའི་ཆོས་བརྒྱུད་ཅིག་ཆགས་ཡོད་རེད། ངས་ནམ་རྒྱུན་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དེ་འཛམ་གླིང་སྤྱི་ནོར་རེད་ཟེར་གྱི་ཡོད། དེར་བརྟེན་དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་གལ་ཆེན་པོར་བརྩི་ཡི་ཡོད། ང་ཚོ་བོད་མི་རིགས་ལ་མཚོན་ན་ཡང་། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་ལྟ་གྲུབ་དེ་དག་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད་རེད། དེར་བརྟེན་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་སྐད་ཡིག་ཐོག་ཡོད་པའི་རིག་གཞུང་གཏིང་ཟབ་དེ་དག ཆོས་ལ་དད་པ་ཡོད་མེད་གང་ཡིན་རུང་དེ་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ཚང་མར་འབོད་སྐུལ་བྱེད་ཀྱི་ཡོད་རེད། ཆབ་སྲིད་ཟེར་བ་དེ་དུས་ཀྱི་འགྱུར་བ་དང་ཉམས་འགྱུར་བ་སྣ་ཚོགས་འགྲོ་ཡི་ཡོད་རེད། ལོ་བཅུ་དྲུག་ནས་ལོ་བདུན་ཅུ་དོན་དྲུག་བར་ངས་འགན་ཁུར་བ་རེད། དངོས་ཡོད་གནས་ཚུལ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་འབྲས་བུར། བོད་རང་བཙན་རྕོད་ཀྱི་མིན། རྒྱ་བོད་གཉིས་མོས་ཀྱི་ལམ་ཞིག་བཙལ་གྱི་ཡོད་རེད། རྒྱ་བོད་གཉིས་མོས་ཀྱི་ལམ་ལ་ཞུགས་པའི་རྒྱུ་མཚན་ལ་བརྟེན་ནས། བོད་ཀྱི་གནས་ཚུལ་ཤེས་མཁན་དང་། ཤེས་ཡོན་མཁན་གཙོ་བོར་གྱུར་པའི་རྒྱ་རིགས་མི་མང་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། ཤ་ཚ་བྱེད་ཀྱི་ཡོད་རེད། ཡུལ་ག་བར་ཡིན་ན་ཡང་མི་མང་དེ་ཡུལ་གྱི་བདག་པོ་རེད། དེར་བརྟེན་མི་མང་གི་ནང་ནས་བདེན་པར་རྒྱབ་སྐྱོར་བྱེད་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་ཡི་ཡོད་རེད། དེར་བརྟེན་ང་ཚོས་གཙོ་བོ་དེ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ཟུར་དུ་ཡོད་པ་དེ་དག་བདག་པོ་རྒྱག་དགོས་པ་དེ་གལ་ཆེ་ཤོས་རེད། དེ་དང་འབྲེལ་ནས་ཆབ་སྲིད་ཀྱི་འཐད་རྩོད་ཀྱི་འགྲོ་སྟངས་དེ། འཚེ་བ་མེད་པ་དང་བདེན་པའི་ལམ་ལ་བརྟེན་པའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་ཀྱི་ཡོད་རེད། དེ་ང་བོད་མི་ཞིག་ཡིན་པའི་ཆ་ནས་བྱེད་སྟངས་དེ་འདྲ་ཡིན་”ཞེས་སོགས་གསུངས་སོང་།

འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་གྲོལ་མཚམས་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། བཤེས་སྤྲིངས་གཉིས་ཀྱི་ཆོས་འབྲེལ་གནང་འགོ་བརྩམས་སོང་ལ། མཛད་རིམ་ལྟར་ན་དེ་རིང་ནས་བཟུང་ཉིན་གསུམ་གྱི་རིང་དབུ་མ་རིན་ཆེན་ཕྲེང་བ་དང་། བཤེས་སྤྲིངས་གཉིས་ཀྱི་ཆོས་འབྲེལ་གནང་རྒྱུ་རེད་འདུག
ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།